ཨ་ཧྥེ་རི་ཁ་ལྷོ་མས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཡའོ་ཧན་ནེ་སི་པའོ་རྩེ་ཚོགས་བསྡུ་བར་གྲ་སྒྲིག་བྱས་ཡོད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གསར་འགྱུར་ཁང་གིས་ཟླ10བའི་ཚེས31ཉིན་གནས་ཚུལ་སྤེལ་ཏེ། ཨ་ཧྥེ་རི་ཁ་ལྷོ་མའི་ནེ་ཀི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཡའོ་ཧན་ནེ་སི་པའོ་རྩེ་ཚོགས་བསྡུ་བའི་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་ཡིད་ཚིམས་པའི་ཚུལ་བསྟན་པ་དང་། རྩེ་ཚོགས་བདེ་བླག་ངང་བསྡུ་བར་ཡིད་ཆེས་ཀྱིས་ཁེངས་ཡོད་ཟེར།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པ་དེ་ཟླ11པའི་ཚེས22ཉིན་ནས་ཚེས23ཉིན་བར་ཡའོ་ཧན་ནེ་སི་པའོ་ནས་བསྡུ་རྒྱུ་ཐག་བཅད་ཡོད། ཨ་ཧྥེ་རི་ཁ་ལྷོ་མའི་ནེ་ཀི་ཡིས་བལྟས་ན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་ཐོག་དང་པོར་ཨ་ཧྥེ་རི་ཁ་ལྷོ་མ་ནས་བསྡུ་བ་ལས་ཚོང་རྫས་དང་ཞབས་ཞུ། དངོས་སྐྱེལ་སོགས་ཀྱི་དགོས་མཁོ་མངོན་གསལ་གྱིས་ཇེ་མང་དུ་སོང་ནས། དཔལ་འབྱོར་དང་ལས་ཞུགས་འཕར་སྣོན་ལ་སྐུལ་ཁྲིད་བྱེད་ཐུབ་པར་འདོད།

རྩེ་ཚོགས་བསྡུ་བའི་དུས་ཚོད་ཇེ་ཉེར་སོང་བ་དང་བསྟུན་ནས། ཡའོ་ཧན་ནེ་སི་པའོ་ནས། སྡེ་ཁག་མང་བོ་ཞུགས་པའི་གྲོང་ཁྱེར་གྱི་རྣམ་པའི་དག་ཐེར་གཙང་སེལ་དང་གཞུང་ལམ་འགྲིམ་འགྲུལ་གྱི་བཀག་སྡོམི་སྦྱོང་བརྡར་སོགས་དུས་ངེས་མེད་དུ་སྤེལ་བ་དང་། ཉེན་རྟོག་ཕྱོགས་ཀྱིས་ནག་ཉེས་བྱ་འགུལ་ལ་ཆམ་ཕབ་གཏོང་བའི་ཤུགས་ཚད་མངོན་གསལ་གྱིས་ཇེ་ཆེར་བཏང་ཡོད།

ཨ་ཧྥེ་རི་ཁ་ལྷོ་མས2024ལོའི་ཟླ12པའི་ཚེས1ཉིན་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་ཚུན་ལ། མཐུན་སྒྲིལ་དང་འདྲ་མཉམ། རྒྱུན་མཐུད་རང་བཞིན་བཅས་བརྗོད་སྙིང་དུ་བཟུང་སྟེ། དཔོན་ཕྱོགས་ཀྱི་བྱ་འགུལ་བརྒྱ་ཕྲག་ལྷག་རྩ་འཛུགས་བྱས་ཏེ། གྲོས་མོལ་དང་མཉམ་ལས་ལ་བརྟེན་ནས་འཛམ་གླིང་ཡོངས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་གལ་ཆེན་ཐག་གཅོད་བྱེད་པར་འཚོལ་ཞིབ་བྱས། ཨ་ཧྥེ་རི་ཁ་ལྷོ་མའི་ནེ་ཀི་ཡིས་མཚམས་སྦྱོར་བྱས་དོན། ཨ་ཧྥེ་རི་ཁ་ལྷོ་མས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་ལས་དོན་གཙོ་བོ་ནི་གནོད་འཚེའི་འགོག་སྲུང་དང་ཐག་གཅོད་ནུས་པར་ཤུགས་སྣོན་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་པའི་དངུལ་བུན་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་པ་དང་། དྲང་བདེན་གྱི་ནུས་ཁུངས་ཚུལ་བསྒྱུར་ཆེད་མ་དངུལ་བསྡུས་ནས། གནད་འགག་གི་གཏེར་ཁའི་ཐོན་ཁུངས་བེད་སྤྱད་དེ་དཀྱེལ་ཡངས་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་བཏང་བ་དེ་རེད།

སྐབས་རྗེས་མའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ནི་ཨ་མེ་རི་ཁ་ཡིན་པ་དང་། འགན་ཡུན་ནི2025ལོའི་ཟླ12པའི་ཚེས1ཉིན་ནས2026ལོའི་ཟླ11པའི་ཚེས30ཉིན་བར་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།