འཛམ་གླིང་གི་ན་གཞོན་ཚན་རིག་པའི་རྩེ་ཚོགས་ཀྱི་ཡོ་རོབ་གླིང་ཆེད་དོན་ཚོགས་ར་ནས་གསར་གཏོད་དང་མཉམ་ལས་ལ་གྲོས་བསྡུར་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

2025ལོའི་འཛམ་གླིང་གི་ན་གཞོན་ཚན་རིག་པའི་རྩེ་ཚོགས་ཀྱི་ཡོ་རོབ་གླིང་ཆེད་དོན་ཚོགས་རའི་བྱ་འགུལ་དེ་ཟླ10བའི་ཚེས31ཉིན་པུ་ལི་ཡཱའི་རྒྱལ་ས་པུའུ་ལུའུ་སེར་ནས་བསྡུས། ཀྲུང་གོ་དང་པུ་ལི་ཧྲི། ཧི་ལན། འཇར་མན། ཧྥ་རན་སི། དབྱིན་ཇི་སོགས་ནས་ཡོང་བའི་ན་གཞོན་ཚན་རིག་པ་དང་མཐོ་རིམ་སློབ་གྲྭའི་འཐུས་མི། ཚན་རྩལ་གསར་གཏོད་ལས་ཁུངས་ཀྱི་འགན་ཁུར་བ་བཅས་མི180ལྷག་གིས་ཚན་རིག་ཞིབ་འཇུག་གི་གསར་གཏོད་མཉམ་ལས་དང་ཚན་རྩལ་གྲུབ་འབྲས་སྤོར་བསྒྱུར། ན་གཞོན་འཇོན་མའི་གསོ་སྐྱོང་སོགས་གྲོས་གཞིར་མཉམ་དུ་གྲོས་བསྡུར་བྱས།

ཡོ་རོབ་གླིང་གྲོས་ཁང་གི་སྔོན་ཆད་ཀྱི་ཀྲུང་གོའི་བར་གྱི་འབྲེལ་བའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ཆའོ་ལའེ་ནིན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། མིའི་རིགས་དང་སའི་གོ་ལ་སྔར་མེད་ཀྱི་འགྲན་རྩོད་ལ་འཕྲད་ཡོད་ཅིང་། མཉམ་ལས་བྱས་ན་ད་གཟོད་ཐག་གཅོད་བྱེད་ཐུབ། ཡོ་རོབ་གླིང་མནའ་འབྲེལ་དང་ཀྲུང་གོ་ནི་འཛམ་གླིང་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་ཤུགས་ཆེན་པོ་གཉིས་ཡིན། ཀྲུང་གོས་ནུས་ཁུངས་གསར་བའི་འགྲིམ་འགྲུལ་དང་ཡང་བསྐྱད་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་ངོ་མཚར་བ་བླངས་ནས། འཛམ་གླིང་གི་སྔོན་བསྐྱོད་པར་གྱུར་ཡོད་ལ། འཛམ་གླིང་ཡོངས་ཀྱི་ལྷད་མེད་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ཟེར།

ཐེངས་འདིའི་བྱ་འགུལ་གྱི་རྩ་འཛུགས་མཁན། ཀྲུང་གོ་དང་ཡོ་རོབ་གླིང་གསར་གཏོད་ལས་སྐྲུན་མཐུན་ཚོགས་ཀྱི་ཚོགས་གཙོ་སུང་ཀྲི་ཝེ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། འཛམ་གླིང་གི་ན་གཞོན་ཚན་རིག་པའི་རྩེ་ཚོགས་དེ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་ཞིབ་བརྗེ་རེས་དང་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་དུ་གྱུར་ཡོད་ལ། ཀྲུང་གོ་དང་ཡོ་རོབ་གླིང་གི་མཐོ་རིམ་སློབ་གྲྭ་དང་ཚན་ཞིབ་ལས་ཁུངས་ཀྱི་མཉམ་ལས་མང་བོར་སྐུལ་འདེད་བཏང་ཡོད། འདས་པའི་ལོ་གཅིག་གི་ནང་ཁོ་ནར། ཡོ་རོབ་གླིང་གི་ན་གཞོན་ཚན་ཞིབ་ཚོགས་པ་མང་བོ་རྩ་འཛུགས་བྱས་ནས་ཀྲུང་གོར་མངག་པ་དང་ལས་གཞི་མང་བོ་དངོས་འབེབས་བྱེད་པར་སྐུལ་འདེད་བཏང་ཡོད།

འཛམ་གླིང་གི་ན་གཞོན་ཚན་རིག་པའི་རྩེ་ཚོགས་ནི་ཀྲུང་གོའི་ཚན་རིག་མཐུན་ཚོགས་དང་ཀྲེ་ཅང་ཞིང་ཆེན་སྲིད་གཞུང་གིས་མཉམ་དུ་གཙོ་སྒྲུབ་བྱས་པ་རེད། 2019ལོའི་ཚུན་ལ་སྐབས་བདུན་བར་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་སློབ་ཆེན་དང་རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས200ལྷག་གི་བར་བརྗེ་རེས་འབྲེལ་གཏུགས་བྱས་ནས། རིམ་བཞིན་འཛམ་གླིང་ཡོངས་ཀྱི་རིམ་པ་མཐོ་བའི་ན་གཞོན་རིགས་གཞུང་བརྗེ་རེས་བྱ་འགུལ་དུ་གྱུར་ཡོད། 2025ལོའི་རྩེ་ཚོགས་ཀྱི་ཚང་འཛོམས་གྲོས་ཚོགས་ཆེན་མོ་ཟླ10བའི་ཚེས25ཉིན་ཀྲེ་ཅང་ཝུན་ཀྲིག་ནས་བསྡུས། 2022ལོ་ནས་བཟུང་། རྩེ་ཚོགས་ཀྱི་ཡོ་རོབ་གླིང་གི་ཆེད་དོན་ཚོགས་ར་དེ་བསྟུད་མར་པུའུ་ལུའུ་སེར་ནས་སྤེལ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་གསར་གཏོད་དང་སློབ་གསོ། རྒྱུན་མཐུད་འཕེལ་རྒྱས་བཅས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།