
ཐན་ཙན་ནི་ཡཱ་རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་ཟླ11པའི་ཚེས1ཉིན་ཁྱབ་བསྒྲགས་བྱས་པའི་སྲིད་འཛིན་འདེམ་བསྐོའི་འདེམ་ཤོག་རྩིས་བླངས་པའི་མཇུག་འབྲས་ལས་མངོན་པ་ལྟར་ན། སྲིད་འཛིན་ཏང་གསར་བརྗེའི་ཏང་གི་འདེམ་སྒུག་པ། ད་ལྟའི་སྲིད་འཛིན་ཧཱ་སིང་ལ་བརྒྱ་ཆའི97.66གི་འདེམ་ཤོག་ཐོབ་ནས། རྒྱལ་ཁབ་དེའི་ལོ་རྒྱུས་སྟེང་གི་དམངས་ཀྱིས་བདམས་པའི་བུད་མེད་སྲིད་འཛིན་ཐོག་མར་གྱུར།
རྒྱལ་ཁབ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མུའུ་ཝན་པེ་ཀའེ་ལའེ་ཡིས་རྒྱལ་ས་ཏའོ་ཏའོ་མཱ་ནས་ཁྱབ་བསྒྲགས་བྱས་དོན། ཧཱ་སིང་ལ་འདེམ་ཤོག་བྱེ་བ་གསུམ་དང་ས་ཡ་གཉིས་ཙམ་ཐོབ་པ་དང་། འདེམ་ཤོག་ཐོབ་ཚད་བརྒྱ་ཆའི97.66ཡིན་པས་སྲིད་འཛིན་དུ་བདམས་པ་རེད་ཟེར།
ཧཱ་སིང་ནི1960ལོའི་ཟླ1པའི་ནང་སྐྱེས་པ་དང་། 2015ལོར་ཐོག་དང་པོར་སྲིད་འཛིན་གཞོན་པར་བདམས་ཐོན་བྱུང་བ་ཡིན་ལ། 2020ལོའི་ཟླ10བར་བསྟུད་འགན་ཁུར་བ་རེད། 2021ལོའི་ཟླ3པར་ནད་ཀྱི་དབང་གིས་ཚེ་ལས་འདས་པའི་མཱ་ཀུའུ་ཧྥུའུ་ལིའི་ཚབ་ཏུ་སྲིད་འཛིན་གྱི་འགན་ཁུར་བ་ཡིན་ལ། འགན་ཡུན2025ལོའི་བར་རེད།
ཐན་ཙན་ནི་ཡཱ་ཡིས་ཟླ10བའི་ཚེས29ཉིན་འདེམ་ཤོག་འཕེན་པའི་བྱ་འགུལ་ཆེན་པོ་སྤེལ་ཏེ། ཐན་ཙན་ནི་ཡཱ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་རྒྱལ་དམངས་གྲོས་ཁང་གི་གྲོས་མི། ས་གནས་གྲོས་མི་བཅས་འདེམ་བསྐོ་བྱས།
སིང་གེ་པཱ་ཨར་ནས་ཐན་ཙན་ནི་ཡཱའི་སྲིད་འཛིན་དང་མི་དམངས་འཐུས་མིའི་གྲོས་ཚོགས་ཀྱི་གྲོས་མི། ས་གནས་གྲོས་མི་བཅས་འདེམ་བསྐོ་བྱས་པ་དང་། ཞོར་དུ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་རྒྱལ་དམངས་གྲོས་ཁང་གི་གྲོས་མི་འདེམ་བསྐོ་བྱེད་པར་ཟབ་ཞུགས་བྱས།
ཐན་ཙན་ནི་ཡཱ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་དེ་ཐན་ཀྭ་ནེ་ཁཱ་དང་སིང་གེ་པཱ་ཨར་གླིང་ཕྲན་ཁག་གཉིས་སུ་དགར་ཡོད། རང་སྐྱོང་ས་ཁུལ་ཕྱེད་ཙམ་ཡིན་པའི་ཆ་ནས། སིང་གེ་པཱ་ཨར་ལ་རང་ཉིད་ཀྱི་སྲིད་འཛིན་དང་གྲོས་ཁང་ཡོད་པ་ཡིན། མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སིང་གེ་པཱ་ཨར་གྱི་སྲིད་འཛིན་དེ་འདེམ་དམངས་ཀྱིས་ཐད་ཀར་འདེམས་པ་ཡིན་ལ། འདེམ་ཤོག་ཐོབ་ཚད་ཆེས་མང་བའི་སྲིད་འཛིན་གྱི་འདེམ་སྒུག་པ་བདམས་པ་རེད། སྐབས་རེའི་འགན་ཡུན་ལོ་ངོ5ཡིན་པ་དང་བསྟུད་འགན་སྐབས་གཅིག་ཁུར་ཆོག་པ་ཡིན།
བསོད་ནམས་ཚེ་རིང་གིས་བསྒྱུར།