དབྱི་སི་རལ་གྱི་མང་ཚོགས་འབུམ་གཅིག་དང་ཁྲི་ལྔ་ཡིས་འདུ་ཚོགས་བསྡུས་ཏེ་ལཱ་པེན་ལྐོག་གསོད་ཐེབས་ནས་ལོ་ངོ30འགོར་བར་རྗེས་དྲན་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་སི་རལ་གྱི་མང་ཚོགས་ཀྱིས་ཟླ11པའི་ཚེས1ཉིན་གྱི་དགོང་མོར་ཐི་ལཱ་ཝེ་ཧྥུའུ་གྲོང་ཁྱེར་གྱི་ལཱ་པེན་ཐང་ཆེན་ནས་གཞི་རྒྱ་ཆེ་བའི་འདུ་ཚོགས་བསྡུས་ཏེ། སྔོན་ཆད་ཀྱི་ཙུང་ལི་ལཱ་པེན་ལྐོག་གསོད་ཐེབས་ནས་ལོ་ངོ30འགོར་བར་རྗེས་དྲན་བྱས། གཏམ་བཤད་མཁན་རེ་འགས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་གོ་སྐབས་སུ་བྱས་ནས། ཞི་བདེ་མངོན་འགྱུར་བྱེད་པ་དང་། ངན་སྐུལ་རང་བཞིན་དང་ཐལ་སྤྱོད་མི་རིགས་རིང་ལུགས་ལ་དོགས་ཟོན་བྱེད་དགོས་པའི་འབོད་སྐུལ་བཏང་།

སྨྱན་བྱད་ཀྱི་བརྙན་རིས་དང་འདྲ་པར་ལས་མངོན་པ་ལྟར་ན། ཚོགས་ཞུགས་མཁན་མང་བོས་དབྱི་སི་རལ་གྱི་རྒྱལ་དར་བཟུང་ཞིང་ལཱ་པེན་ཡང་དག་ཡིན་ཞེས་པ་སོགས་ཀྱི་འཕྲེད་བྱང་བཟུང་ཡོད་ལ། ལཱ་པེན་ཐང་ཆེན་དང་དེའི་ཉེ་འཁོར་དུ་མི་ཚོགས་ཀྱི་འཚང་ཁ་ཧ་ཅང་ཆེ། ཡུལ་དངོས་སུ་ཞི་བདེ་དང་ལེན་བྱེད་དགོས་པ་དང་དྲག་ཤུགས་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་འཕྲེད་བྱང་བཀལ་ཡོད། བྱ་འགུལ་དེའི་རྩ་འཛུགས་ཕྱོགས་ཀྱིས་མཚམས་སྦྱོར་བྱས་དོན། ཧ་ལམ་མི་འབུམ་གཅིག་དང་ཁྲི་ལྔ་ཙམ་འདུ་ཚོགས་ལ་ཞུགས་ཡོད་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་བསྒྲགས་པ་ལྟར་ན། ལཱ་པེན་ཡང་དག་ཡིན་ཞེས་པའི་སྐད་ཆ་དེ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་བ་དང་རྒྱལ་ནང་གི་སྤྱི་ཚོགས་ཁ་བྲལ་དུ་འགྲོ་བའི་གནས་བབ་འོག་རྒྱ་ཆེར་དར་བ་ཡིན་ལ། མི་རྣམས་ཀྱིས་ལཱ་པེན་གྱི་སྐད་ཆ་དེའི་ཉེན་སྐུལ་དྲན་པ་གསོས་ནས་ཞི་བདེ་དང་བདེ་འཇགས་དེ་དྲག་ཤུགས་ཁོ་ནར་བརྟེན་མི་རུང་བའི་འབོད་སྐུལ་བཏང་བ་རེད།

དབྱི་སི་རལ་སྔོན་ཆད་ཀྱི་ཙུང་ལི། ངོ་རྒོལ་ཏང་མ་འོངས་པ་ཡོད་པའི་ཏང་གི་མགོ་ཁྲིད་པ་ལཱ་ཕིས་ཏི་དང་། ངོ་རྒོལ་ཏང་དམངས་གཙོ་ཏང་གི་མགོ་ཁྲིད་པ་ཀི་ལན། དབྱི་སི་རལ་རྒྱལ་སྲུང་དམག་གི་སྔོན་ཆད་ཀྱི་སྤྱི་ཁྱབ་ཇུས་འདོན་དཔོན་ཨེ་སི་ཁི་ཐི། སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ལེ་ཧྥུའུ་ནེ། ཕྱིར་བཏང་བའི་བཀག་འཇུག་མི་སྣ་མའོ་ཙེ་ཧྲི་སོགས་ཀྱིས་འདུ་ཚོགས་སྟེང་གཏམ་བཤད་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།