
དབྱི་སི་རལ་གྱི་རྒྱལ་སྲུང་པུའུ་ཀྲང་ཁཱ་ཚི་ཡིས་ཟླ11པའི་ཚེས1ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་པོའི་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཁའེ་ཨིན་དང་གྲོས་མོལ་བྱས་ཏེ། ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུས་ཧཱ་མཱ་སིའི་དྲག་ཆས་མེད་པར་གཏོང་བ་སོགས་ཀྱི་གནད་དོན་ལ་གྲོས་བསྡུར་བྱས། ཉིན་དེར་ཧཱ་མཱ་སིའི་མགོ་ཁྲིད་རིམ་པའི་འཐུས་ཚབ་ཚོགས་པས་ཐུར་ཁེ་རུ་འཚམས་འདྲི་བྱས་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།
ཁཱ་ཚི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཁོ་དང་ཁའེ་ཨིན་གཉིས་ཀྱིས་དབྱི་སི་རལ་དང་ཨ་མེ་རི་ཁའི་དམག་དཔུང་གཉིས་བར་གྱི་འཐབ་ཇུས་དང་འཐབ་འཁྲུག་མཉམ་ལས་ཟབ་མོར་གྲོས་བསྡུར་བྱས་པ་དང་། གྲོགས་པོའི་འབྲེལ་བ་དེ་རིགས་ཀྱིས་དབུས་ཤར་ས་ཁུལ་གྱི་དངོས་ཡོད་གསར་བ་བསྐྲུན་བཞིན་ཡོད་ཟེར། ཕྱོགས་གཉིས་ཀྱིས་ད་རུང་ཉེ་སྔོན་དང་རྒྱང་རིང་གི་འགྲན་རྩོད་ལ་གྲོས་བསྡུར་བྱས། དེའི་ནང་ཆེས་གལ་ཆེ་བ་ནི་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་དང་། དབྱི་སི་རལ་ཕྱོགས་ཀྱི་བཀག་འཇུག་ཐེབས་པའི་མི་སྣ་ཕྱིར་གཏོང་བ་དང་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་མ་ཡིན་པ་དང་ཧཱ་མཱ་སིའི་དྲག་ཆས་མེད་པར་གཏོང་བ་མངོན་འགྱུར་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན་ཟེར།
དབྱི་སི་རལ་དམག་ཕྱོགས་ཀྱི་གསལ་སྒྲོག་ལྟར་ན། ཁའེ་ཨིན་གྱིས་ཐེངས་འདིར་ད་རུང་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀྲ་མུས་ཨར་སོགས་དམག་ཕྱོགས་ཀྱི་དཔོན་རིགས་ལ་གྲོས་མོལ་བྱས་པ་དང་། ཅཱ་ཧྲ་ས་ཁུལ་གྱི་གནས་བབ་སོགས་ས་ཁོངས་རང་བཞིན་གྱི་འགྲན་རྩོད་ལ་དཔྱད་འཇོག་བྱས།
བསོད་ནམས་ཚེ་རིང་གིས་བསྒྱུར།