
ལྷོ་ཁོ་རེ་ཡཱའི་སྲིད་འཛིན་ལིས་ཙེ་མེན་གྱིས་ཟླ11པའི་ཚེས1ཉིན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་སོ་གཉིས་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཀྱི་དུས་རིམ་གཉིས་པའི་གྲོས་ཚོགས་སྟེང་མཇུག་སྒྲིལ་སྤྱི་བསྡོམས་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཐེངས་འདིའི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་རྒྱུན་མཐུད་ཐུབ་པའི་སང་ཉིན་འཛུགས་སྐྲུན་བྱེད་པ་དེ་ཡིན་ལ། དེའི་གཞི་རྩའི་རྨང་གཞི་ནི་ཞི་བདེ་ཡིན། ཞི་བདེའི་སྔོན་འགྲོའི་ཆ་རྐྱེན་འོག་མཉམ་འབྲེལ་བྱས་ན་ད་གཟོད་སྔར་ལས་རྒྱ་བསྐྱེད་ཐུབ་པ་དང་། གསར་གཏོད་སྒུལ་ཤུགས་ད་གཟོད་ཆེས་ཆེན་པོ་ཐོན་ཐུབ་ལ། མི་རེ་རེས་མཉམ་སྤྱོད་བྱེད་པའི་དར་རྒྱས་མངོན་འགྱུར་བྱེད་ཐུབ་ཟེར།
ལིས་ཙེ་མིན་གྱིས་བསྟན་དོན། བྱང་ཁོ་རེ་ཡཱ་ཕྱེད་གླིང་གི་ཞི་བདེ་ལས་ཨེ་ཤ་ཡཱ་བྱང་ཤར་གྱི་ཞི་བདེ་ལ་སྐུལ་འདེད་གཏོང་ཐུབ་པར་མ་ཟད། མཉམ་ལས་གཉིས་རྒྱལ་ལ་བརྟེན་ནས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཐུན་མོང་དར་རྒྱས་མངོན་འགྱུར་བྱེད་པའི་ཐབས་ལམ་དུ་འགྱུར་ཐུབ་ཟེར། ཁོས་བཤད་རྒྱུར། དམག་དོན་དགྲར་འཛིན་དང་ཛ་དྲག་གི་རྣམ་པ། ཉིང་རྡུལ་ནུས་པའི་གནད་དོན་བཅས་ཀྱིས་བྱང་ཁོ་རེ་ཡཱ་ཕྱེད་གླིང་དང་ཐ་ན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གཏན་འཇགས་དང་མཉམ་ལས་ལ་བཀག་རྒྱ་བཟོ་བཞིན་ཡོད། ལྷོ་ཁོ་རེ་ཡཱ་ཡིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ཅིང་། ཞི་བདེ་མཉམ་གནས་དང་ཐུན་མོང་འཕེལ་རྒྱས་ཀྱི་བྱང་ཁོ་རེ་ཡཱ་ཕྱེད་གླིང་གི་དུས་རབས་གསར་བ་གསར་འབྱེད་བྱེད་བཞིན་ཡོད་ཟེར།
ལིས་ཙེ་མེན་གྱིས་ད་རུང་བཤད་རྒྱུར། ལྷོ་ཁོ་རེ་ཡཱའི་སྲིད་གཞུང་གིས་དོན་དེའི་ཆེད་དུ་ལྷོ་བྱང་གི་དམག་དོན་གྱི་ཛ་དྲག་གི་གནས་བབ་ཞི་འཇགས་སུ་གཏོང་བ་དང་། ཕན་ཚུན་བར་གྱི་ཡིད་ཆེས་སླར་གསོ་བྱེད་པའི་བྱེད་ཐབས་སྤྱད་ཡོད་ལ། ཕྱིན་ཆད་ཀྱང་མུ་མཐུད་དུ་ཆེ་ཕྱོགས་ལ་བསམ་བློ་བཏང་སྟེ། སྔར་ལས་ལྷག་པའི་བྱེད་ཐབས་ཀྱིས་ཞི་བདེ་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།