སྐབས་གཉིས་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་པའི་གླེང་སྟེགས་འཇར་མན་ནས་སྤེལ།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

སྐབས་གཉིས་པའི་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་པའི་གླེང་སྟེགས་ཟླ11པའི་ཚེས1ཉིན་ནས་ཚེས2ཉིན་བར་འཇར་མན་གྱི་ཧེ་ཏི་པའོ་ནས་སྤེལ་བ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་པ་དང་། མཁས་པ། ཁེ་ལས་ལས་རིགས་ཀྱི་འཐུས་མི་བཅས་མི་བརྒྱ་ཕྲག་འགའ་ཡིས་མི་ཐབས་རིག་ནུས་སོགས་མདུན་གྲལ་ཁྱབ་ཁོངས་ཀྱི་ཚན་རྩ་མཉམ་ལས་ཐད་ནས་གཏིང་ཟབ་ཏུ་གྲོས་བསྡུར་བྱས།

འཇར་མན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་སློབ་གསོ་ཁྲུའུ་ཡི་མགོ་བ་ཀྲོའུ་ཀྲི་ཆང་གིས་གླེང་སྟེགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་འབུལ་སྐབས་བསྟན་དོན། ཚན་རྩལ་བརྗེ་རེས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་ཕྱོགས་གཉིས་གཅིག་ཏུ་སྦྲེལ་བའི་ཟམ་པ་གལ་ཆེན་ཞིག་ཡིན། མི་ཐབས་རིག་ནུས་དང་སྐྱེ་དངོས་སྨན་རྫས། ནམ་ཟླའི་འགྱུར་ལྡོག་སོགས་ཁྱབ་ཁོངས་སུ་ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྦས་ཤུགས་ཆེན་པོ་ཡོད། འཛམ་གླིང་རང་བཞིན་ལྡན་པའི་འགྲན་རྩོད་མདུན་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་པས་མཉམ་ལས་བྱས་ཏེ་ཚན་རྩལ་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས་ཟེར།

ཡོ་རོབ་གླིང་གི་ཀྲུང་གོ་བའི་ཆེད་ལས་མཐུན་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་ཀྲོའུ་ཅེ་ཡིས་བསྟན་དོན། སྐབས་འདིའི་གླེང་སྟེགས་དེ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་ཞིབ་འཇུག་གི་ཀླད་པ་གཅིག་ཏུ་སྦྲེལ་བ་དང་ཤེས་བྱའི་ལག་རྩལ་ཚུལ་བསྒྱུར་བྱེད་པ་དང་། ན་གཞོན་འཇོན་ཐང་ཅན་གྱི་བློ་གྲོས་རྒྱས་སུ་འཇུག་པའི་གོ་སྐབས་གལ་ཆེན་ཞིག་ཏུ་འགྱུར་ཐུབ་པར་རེ་བཞིན་ཡོད་ཟེར།

གཏམ་བཤད་གལ་ཆེན་གྱི་ལས་རིམ་ནང་། ཧང་ག་རི་དང་འཇར་མན་སོགས་རྒྱལ་ཁབ་ཀྱི་ཚན་རིག་པ་མང་བོས་མིག་སྔའི་མི་ཐབས་རིག་ནུས་ཀྱི་ཞིང་ལས་དང་སྨན་བཅོས། བཟོ་ལས་སྒྲིག་ཆས་ཀྱི་རིག་ནུས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་བཅོས་བསྒྱུར་བེད་སྤྱོད་གནས་ཚུལ་མཉམ་སྤྱོད་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་གླེང་སྟེགས་ཀྱི་བྱ་འགུལ་ལ་མི་ཐབས་རིག་ནུས་དང་སྔོན་ཐོན་བཟོ་སྐྲུན། ནད་ཐོག་གསོ་རིག ཐཱན་སྙོམས་སྦྱོར་དང་ནུས་ཁུངས་གསར་བ་སོགས་དྲ་ཐོག་དང་ཡུལ་དངོས་ཀྱི་གླེང་སྟེགས་རབ་དང་རིམ་པ་འདུས། བྱ་འགུལ་དེ་དག་འཛམ་གླིང་ཡོངས་ཀྱི་ཚན་རྩལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམ་པོར་འབྲེལ་ཡོད་ཅིང་། ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་པའི་བློ་གྲོས་གཅིག་ཏུ་བསྡུས་ནས། མདུན་གྲལ་ཚན་རྩལ་གྱི་རོགས་ལས་གསར་གཏོད་དང་དངོས་འབེབས་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བའི་ཐད་སྒུལ་ཤུགས་གསར་བ་བསྣན་ཡོད།

ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་པའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་ཀྲུང་གོ་དང་ཡོ་རོབ་གླིང་གི་རིགས་གཞུང་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། རྩེར་སོན་འཇོན་མི་དང་གསར་གཏོད་ཁེ་ལས་ཀྱི་གཅིག་འདུས་མཉམ་འདྲེས་ལ་སྐུལ་འདེད་གཏོང་ཆེད་རེད། སྐབས་འདིའི་ཀྲུང་གོ་དང་ཡོ་རོབ་གླིང་གི་ཚན་རིག་པའི་གླེང་སྟེགས་ཐོག་མ་ནི2024ལོའི་ཟླ10བར་འཇར་མན་གྱི་ཧྥ་ལན་ཁི་ཧྥུའུ་ནས་སྤེལ་བ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།