
དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཧི་སེ་ཡུན་གྱིས་ཚེས2ཉིན་འཚམས་འདྲིར་ཡོང་བའི་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཧྥེ་ཏན་དང་མཉམ་དུ་པཱ་ཀི་ཏཱ་ནས་དབྱི་རག་དང་ཐུར་ཁེའི་ཆུའི་ཐོན་ཁུངས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལག་བསྟར་རྐྱེན་སྲོལ་གྱི་ཡིག་ཆ་བཀོད་དེ། དབྱི་རག་གི་མདུན་དུ་ལྷགས་པའི་ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་ཞི་འཇགས་སུ་བཏང་།
དབྱི་རག་གི་ཙུང་ལིའི་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལྟར་ན། ཙུང་ལི་སུའུ་ཏཱ་ནེ་དང་ཧྥེ་ཏན་གཉིས་ཀྱིས་གྲོས་མོལ་བྱས་པ་དང་ཡིག་ཆ་དེ་འགོད་པའི་མཛད་སྒོར་མགོ་འཛིན་བྱས། སུའུ་ཏཱ་ནེ་ཡིས་བསྟན་དོན། གྲོས་མཐུན་དེའི་དམིགས་ཡུལ་ནི་མཉམ་ལས་ལས་གཞི་རབ་དང་རིམ་པར་བརྟེན་ནས་དབྱི་རག་གི་ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱུན་མཐུད་ཀྱི་ཇུས་གཞི་འདོན་སྤྲོད་བྱེད་ཆེད་ཡིན་ཟེར།
དབྱི་རག་གི་སྲིད་འཛིན་ལཱ་ཞེ་ཏི་ཡིས་ཀྱང་ཉིན་དེར་ཧྥེ་ཏན་དང་གྲོས་མོལ་བྱས། སྲིད་འཛིན་བཞུགས་ཤག་གི་གསལ་སྒྲོག་ལྟར་ན། ལཱ་ཞེ་ཏི་ཡིས་ཐུར་ཁེ་ཕྱོགས་ཀྱིས་དྲང་བདེན་གྱི་ཆུའི་ཐོན་ཁུངས་བགོ་བཤའི་སྲིད་ཇུས་ལག་བསྟར་བྱས་ཏེ། ཏིས་ཀི་ལི་སི་ཆུ་དང་ཡུག་ཧྥ་ལཱ་ཏིས་ཆུ་ལས་དབྱི་རག་ལ་ཆུའི་ཐོན་ཁུངས་ཀྱི་དགོས་ངེས་ཀྱི་བགོ་བཤའ་ཐོབ་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
ཏིས་ཀི་ལི་སི་ཆུ་དང་ཡུག་ཧྥ་ལཱ་ཏིས་ཆུ་བོའི་ཆུ་ཁུངས་གཙོ་བོ་ནི་ཐུར་ཁེ་ལས་ཡོང་བ་ཡིན། དབྱི་རག་གི་ཆུའི་ཐོན་ཁུངས་པུའུ་ཡིས་ད་ལོའི་ཟླ7པར་གསལ་སྒྲོག་སྤེལ་ཏེ། ཆར་ཆུ་ཉུང་བ་དང་སྟོད་བརྒྱུད་ཀྱི་ཆུའི་བཞུར་ཚད་ཇེ་ཉུང་དུ་སོང་བའི་དབང་གིས་དབྱི་རག་ལ1933ལོའི་ཚུན་གྱི་ཆེས་ཛ་དྲག་ཆེ་བའི་ཆུའི་ཐོན་ཁུངས་ཀྱི་ཉམས་ཉེན་བྱུང་ཡོད་ལ། ཆུའི་ཐོན་ཁུངས་དཀོན་པ་ལས་དབྱི་རག་གི་རྨོ་ཞིང་རྒྱ་ཁྱོམ་ཇེ་ཆུང་དུ་སོང་ཡོད་པ་དང་། ས་ཞིང་གི་བ་ཚྭའི་འགྱུར་ཚད་ཇེ་མང་དུ་སོང་བས། ཞིང་ལས་འཕེལ་རྒྱས་དེ་ཛ་དྲག་གི་འགྲན་རྩོད་ལ་འཕྲད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།