
ཟླ11པའི་ཚེས2ཉིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་ཕྱོགས་ཀྱིས་ཀྲུའུ་ཞི་ཧི་ལི་ཧྥུན་དང་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སིའི་ཕྱོགས་ཀྱི་ཀྲུའུ་ཞི་ཆེ་ཨར་ནེ་ཧྲིན་ཁི་གཉིས་ཀྱིས་ཀྲེ་ཅང་ཞིང་ཆེན་ཉིང་པའོ་གྲོང་ཁྱེར་ནས་མཉམ་དུ་མགོ་འཛིན་བྱས་ཏེ། ཀྲུང་གོ་དང་ཨུ་རུ་སིའི་ཙུང་ལིའི་དུས་བཅད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་པ་བསྡུས།
ཧི་ལི་ཧྥུན་གྱིས་བསྟན་དོན། ད་ལོའི་ཚུན་ལ། ཀྲུའུ་ཞི་ཅིན་ཕིང་དང་སྲིད་འཛིན་ཕུའུ་ཅིན་གྱིས་ཐེངས་མང་བོར་གྲོས་མོལ་མཛད་དེ། ཀྲུང་གོ་དང་ཨུ་རུ་སིའི་འཐབ་ཇུས་རོགས་ལས་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་ཐུན་མོང་གི་ལྟ་ཚུལ་གལ་ཆེན་བཏོན་ཡོད་ལ། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བརྟན་བརླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་སྐུ་དངོས་སུ་དོ་སྣང་དང་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཨུ་རུ་སིའི་དངོས་གཉེར་ཁྱབ་ཁོངས་ཀྱི་མཉམ་ལས་རྐྱེན་སྲོལ་བསྟུད་མར་འཐུས་ཚང་དུ་བཏང་བ་དང་། འགྲོ་འོང་སྔར་ལས་ཇེ་ཟབ་ཏུ་སོང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་གཏན་འཇགས་ཀྱི་འཕེལ་རྒྱས་སྲུང་འཛིན་བྱས་ཡོད་པ་དང་། ལས་གཞི་གཙོ་བོར་ནན་ཏན་གྱིས་སྐུལ་འདེད་བཏང་སྟེ། འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་གོ་རིམ་ལྡན་ཞིང་ཕན་འབྲས་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད་ཟེར།
ཧི་ལི་ཧྥུན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སིའི་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོའི་ཐུན་མོང་ལྟ་ཚུལ་གལ་ཆེན་དག་གཞི་རྩའི་སྲུང་བྱར་བྱེད་པ་དང་། མུ་མཐུད་དུ་ཙུང་ལིའི་དུས་བཅད་གྲོས་མོལ་ཨུ་ཡོན་ལྷན་ཁང་གི་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ཏེ། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཅིག་རིང་ལུགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱས་ནས། མཉམ་དུ་ཕྱོགས་མང་ཉོ་ཚོང་སྒྲིག་ལུགས་སྲུང་སྐྱོབ་བྱེད་འདོད་ཡོད་ཟེར།
ཆེ་ཨར་ནེ་ཧྲིན་ཁི་ཡིས་བསྟན་དོན། ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དེ་ལོ་རྒྱུས་ཀྱི་ཆེས་བཟང་བའི་ཆུ་ཚད་དུ་གནས་ཡོད་ལ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། མཉམ་ལས་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ། མཉམ་ལས་སྦས་ཤུགས་སྔོག་འདོན་བྱས་ཏེ། ཨུ་རུ་སི་དང་ཀྲུང་གོའི་དུས་རབས་གསར་བའི་ཕྱོགས་ཡོངས་འཐབ་ཇུས་རོགས་རེས་གྲོགས་པོའི་འབྲེལ་བར་སྒུལ་ཤུགས་གསར་བ་ཁ་སྣོན་བྱེད་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ནས་འབྲེལ་འདྲིས་བརྗེ་རེས་ཟབ་མོ་བྱས་ཏེ། མཉམ་ལས་གྲུབ་འབྲས་དང་ཐུན་མོང་ལྟ་ཚུལ་རབ་དང་རིམ་པ་བྱུང་།
བསོད་ནམས་ཚེ་རིང་གིས་བསྒྱུར།