
ལེ་པཱ་ནུན་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། དབྱི་སི་རལ་གྱིས་ཟླ11པའི་ཚེས1ཉིན་གྱི་དགོང་མོར་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ། མི4རྐྱེན་ལམ་དུ་ཤོར་བ་དང་། མི3ལ་རྨས་ཕོག་ཡོད་ཟེར།
ལེ་པཱ་ནུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཚེས1ཉིན་གྱི་དགོང་མོར་དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་ལེ་པཱ་ནུན་ལྷོ་ཕྱོགས་ཀྱི་སྡེ་ཁ་ཞིག་གི་ཉེ་འདབས་སུ་ཡོད་པའི་རླངས་འཁོར་ཞིག་ལ་བར་སྣང་འཇབ་རྒོལ་བྱས་ཟེར།
གནས་ཚུལ་ཤེས་མཁན་ཞིག་གིས་གསར་འགོད་པར་འདས་པོ་བཞི་བོ་དེ་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་ཁོངས་མི་ཡིན་ཟེར་ཡང་བྱེ་བྲག་གི་ནང་དོན་ཞིབ་མོར་བརྗོད་མེད།
དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས2ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ཚེས1ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་འཇབ་རྒོལ་བྱས་ཏེ། ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ལཱ་ཏི་ཝན་དམག་དཔུང་གི་ཁོངས་མི4བསད་པ་དང་། ཁོངས་མི་དེ་དག་ཞུགས་པའི་བྱ་འགུལ་ལས་དབྱི་སི་རལ་ལ་འཇིགས་ཉེན་བཟོ་བཞིན་ཡོད་པར་མ་ཟད། དབྱི་སི་རལ་དང་ལེ་པཱ་ནུན་བར་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་རྒྱབ་འགལ་དུ་སོང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།