དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ནས་མི2རྐྱེན་ལམ་དུ་ཤོར་བ་དང་མི7ལ་རྨས་ཕོག
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

དབྱི་སི་རལ་གྱིས་ཚེས3ཉིན་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་གཉིས་སྤེལ་བ་དང་། དབྱི་སི་རལ་གྱི་དམག་དཔུང་གིས་ལེ་པཱ་ནུན་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣ་གཉིས་བསད་ཟེར། ལེ་པཱ་ནུན་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། བར་སྣང་འཇབ་རྒོལ་ལས་བསྡོམས་པས་མི2རྐྱེན་ལམ་དུ་ཤོར་བ་དང་། མི7ལ་རྨས་ཕོག་ཡོད་ཟེར།

ལེ་པཱ་ནུན་སྤྱི་བའི་འཕྲོད་བསྟེན་པུའུ་ཡིས་བསྒྲགས་པ་ལྟར་ན། ཉིན་དེའི་ཕྱི་དྲོར། དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་ནཱ་པེད་ཐིས་ཡེ་ཞིང་ཆེན་གྱི་ཏུའུ་ཝེ་ཨར་གྲོང་རྡལ་གྱི་རླངས་འཁོར་ཆུང་བ་ཞིག་ལ་འཕུར་མདའ་གསུམ་གཏོང་འཕེན་བྱས་ཏེ། མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི7ལ་རྨས་ཕོག གཞན་ཡང་དབྱི་སི་རལ་གྱི་མི་མེད་གནམ་གྲུ་ཞིག་གིས་ནཱ་པེད་ཐིས་ཡེ་ཞིང་ཆེན་གྱི་ཨེ་ཐཱ་ཧྲ་པུའུ་སྡེ་བར་བར་འཕྲུལ་རྟ་ཞིག་ལ་སྣང་འཇབ་རྒོལ་བྱས་ཏེ་མི1བསད་ཟེར།

གནས་ཚུལ་ཤེས་མཁན་གྱིས་གསར་འགོད་པར་བཤད་རྒྱུར། རྐྱེན་ལམ་དུ་ཤོར་བའི་མི་ནི་ཀྲིན་ཀྲུའུ་ཏང་གི་ཁོངས་མི་ཧཱ་ཏིས་ཏི་དང་སུའུ་ལུའུ་ཨར་གཉིས་རེད་ཟེར།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ནཱ་པེད་ཐིས་ཡེ་ཞིང་ཆེན་གྱི་བར་སྣང་འཇབ་རྒོལ་ལས་ཧཱ་ཏིས་ཏི་བསད་ཟེར། གསལ་སྒྲོག་ལས་ཧཱ་ཏིས་ཏི་ནི་ཀྲིན་ཀྲུའུ་ཏང་ལཱ་ཏི་ཝན་དམག་དཔུང་གི་བཀོད་འདོམ་དཔོན་པོ་ཡིན་པ་དང་། སྔོན་ཆད་ཐེངས་མང་བོར་དབྱི་སི་རལ་ལ་འཇབ་རྒོལ་བྱས་མྱོང་བར་མ་ཟད། ཉེ་སྔོན་ཀྲིན་ཀྲུའུ་ཏང་གི་དམག་དོན་རྨང་གཞིའི་སྒྲིག་ཆས་སླར་གསོ་བྱེད་རྩིས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཉིན་དེའི་སྔ་དྲོར་ཨེ་ཐཱ་ཧྲ་པུའུ་སྡེ་བར་ཆམ་ཕབ་བཏང་སྟེ། དབྱི་སི་རལ་གྱི་དམག་དཔུང་གི་གསང་འཕྲིན་འཚོལ་སྡུད་བྱེད་བཞིན་པའི་ཀྲིན་ཀྲུའུ་ཏང་གི་དྲག་ཆས་མི་སྣ་ཞིག་བསད་ཟེར།

དབྱི་སི་རལ་གྱི་དམག་དཔུང་གིས་བསྒྲགས་པ་ལྟར་ན། ཀྲིན་ཀྲུའུ་ཏང་གི་མི་སྣའི་བྱ་སྤྱོད་དག་དབྱི་སི་རལ་དང་ལེ་པཱ་ནུན་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།