
སུའུ་ཏན་ས་གནས་དང་དམངས་ཁྲོད་ཚོགས་པས་ཚེས3ཉིན་སྤེལ་བའི་གནས་ཚུལ་ལྟར་ན། སུའུ་ཏན་དབུས་ཕྱོགས་ཀྱི་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེ་དང་ནུབ་ཕྱོགས་ཀྱི་ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེ་རུ་ཉིན་དེར་ཚད་ལྡན་དམག་དོན་རྩ་འཛུགས་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ཏེ། བསྡོམས་པས་མི་སེར་དཀྱུས་མ20རྐྱེན་ལམ་དུ་ཤོར་བ་དང་། མི30ལྷག་ལ་རྨས་ཕོག
ས་གནས་ཚོགས་པ་ཁི་ཨར་ཏའོ་ཧྥན་བྱང་མའི་འགོག་རྒོལ་ཨུ་ཡོན་ལྷན་ཁང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཚེས3ཉིན་གྱི་སྔ་དྲོར། འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་ཁི་ཨར་ཏའོ་ཧྥན་བྱང་མ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་ཨིག་པེད་དབྱེ་ཏིའི་ཤར་ངོས་ཀྱི་སྤྱི་ལེ15མཚམས་སུ་ཡོད་པའི་མི་སེར་དཀྱུས་མའི་འདུ་ཚོགས་ལ་མི་མེད་གནམ་གྲུའི་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ13རྐྱེན་ལམ་དུ་ཤོར་བ་དང་། མི29ལ་རྨས་ཕོག དེའི་ནང་མི་མང་བོའི་རྨས་སྐྱོན་ཚབས་ཆེན་རེད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་གསར་འགོད་པར་བཤད་རྒྱུར། འཇབ་རྒོལ་བྱུང་སྐབས། མི་རྣམས་གཉེན་ཉེའི་མྱ་ངན་མཛད་སྒོར་ཞུགས་བཞིན་ཡོད་ཟེར།
དམངས་ཁྲོད་ཚོགས་པ་སུའུ་ཏན་སྨན་པའི་དྲ་བས་ཚེས3ཉིན་གསལ་སྒྲོག་སྤེལ་ཏེ། ཏཱ་ཨར་ཧྥུའུ་ཨར་བྱང་མ་མངའ་སྡེའི་ནུབ་ཕྱོགས་ཀྱི་བྱིས་པའི་སྨན་ཁང་ཞིག་ལ་ཉིན་དེར་འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གི་མི་མེད་གནམ་གྲུའི་འཇབ་རྒོལ་ཐེབས་ནས། བུད་མེད་དང་བྱིས་པ་འདུས་པའི་མི་སེར་དཀྱུས་མ7རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི5ལ་རྨས་ཕོག་ཟེར།
འཕྲལ་མྱུར་རོགས་སྐྱོར་དམག་དཔུང་གིས་མིག་སྔར་ད་རུང་འཇབ་རྒོལ་དོན་རྐྱེན་དེ་གཉིས་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།