ཧཱ་མཱེ་ནེ་དབྱི་ཡིས་དབྱི་ལིང་གིས་ཉེ་སྔོན་ཨ་མེ་རི་ཁའི་བར་མཉམ་ལས་བྱེད་པར་བསམ་བློ་གཏོང་མི་སྲིད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱི་ཡིས་ཚེས3ཉིན་རྒྱལ་ས་ཏི་ཧེ་ལན་ནས་ཡོངས་བསྒྲགས་གཏམ་བཤད་སྤེལ་སྐབས་བསྟན་དོན། དབྱི་ལིང་གིས་ཉེ་སྔོན་ཨ་མེ་རི་ཁས་བཏོན་པའི་མཉམ་ལས་རེ་འདུན་ལ་བསམ་བློ་གཏོང་མི་སྲིད་ཟེར།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཧཱ་མཱེ་ནེ་དབྱི་ཡིས་ནན་གྱིས་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁའི་བར་གྱི་འགལ་བ་ནི་ངོ་བོ་རང་བཞིན་ལྡན་ཞིང་ཐབས་ཇུས་མ་ཡིན་པའི་རང་བཞིན་ལྡན་ལ། རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་གྱི་གཞི་རྩའི་འགལ་བ་འབུར་དུ་ཐོན་ཡོད། ཨ་མེ་རི་ཁས་ངེས་པར་དུ་དབྱི་སི་རལ་དང་དབུས་ཤར་ས་ཁུལ་དུ་བཀོད་སྒྲིག་བྱས་པའི་དམག་དོན་རྟེན་གཞི་ཕྱིར་འཐེན་བྱེད་པ་དང་དབྱི་ལིང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས། སྔོན་འགྲོའི་ཆ་རྐྱེན་དེ་གསུམ་པོ་བསྐངས་ན། དབྱི་ལིང་གིས་ད་གཟོད་ཨ་མེ་རི་ཁའི་བར་མཉམ་ལས་བྱེད་པར་བསམ་བློ་གཏོང་སྲིད་ཀྱང་། དེ་ལས་ལྡོག་ན་ཉེ་སྔོན་མཉམ་ལས་ལ་བསམ་བློ་གཏོང་མི་སྲིད་ཟེར།

ཉིན་དེར་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་པཱ་ཅཱ་ཨེ་ཡིས་ཏི་ཧེ་ལན་གྱི་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་ཁས་ལེན་བྱས་དོན། ཕྱོགས་སོ་སོས་ཐབས་ལམ་མི་འདྲ་བ་བརྒྱུད་དེ་དབྱི་ལིང་དང་ཨ་མེ་རི་ཁས་འབྲེལ་འདྲིས་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་ཟེར། ཁོས་བསྟན་དོན། དབྱི་ལིང་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཞན་པ་བརྒྱུད་དེ་གནས་ཚུལ་བརྒྱུད་སྤྲོད་བྱེད་བཞིན་ཡོད་ཀྱང་། དབྱི་ལིང་དང་ཨ་མེ་རི་ཁས་གྲོས་མོལ་འཕེལ་རིམ་མགོ་བརྩམས་པའི་མཚོན་རྟགས་མིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།