
ཟླ11པའི་ཚེས3ཉིན། ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་དང་ཀྲུང་གུང་ཧྲན་ཏུང་ཞིང་ཆེན་ཨུ་ཡོན་ལྷ་ཁང་གིས་མཉམ་དུ་གཙོ་སྒྲུབ་བྱས་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་སྲིད་ཏང་བར་གྱི་གྲོས་མོལ་ཚོགས་འདུའི་གྲོས་ཚོགས་ཐེངས་གཉིས་པ་ཆིན་ཏའོ་ནས་བསྡུས། བརྗོད་སྙིང་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་ཐུན་མོང་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྲིད་ཏང་འགུལ་སྐྱོད་བྱེད་བཞིན་ཡོད་ཅེས་པ་དེ་རེད། ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་སྲིད་ཏང་ཉི་ཤུ་ལྷག་གི་མགོ་ཁྲིད་པ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་པ་སོགས་རྒྱལ་ཁབ་ཕྱི་ནང་གི་འཐུས་མི150ཙམ་གྲོས་ཚོགས་ལ་ཞུགས།
ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུགས་པུའུ་ཡི་པུའུ་ཀྲང་ལིའུ་ཧེ་ཞིན་གྱིས་བསྟན་དོན། ད་ལོའི་ཟླ6པར་སྐབས་གཉིས་པའི་ཀྲུང་གོ་དང་ཨེ་ཤ་ཡཱ་དབུས་མའི་རྩེ་ཚོགས་བདེ་བླག་ངང་སྤེལ་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་མགོ་གཙོའི་བར་ཐུན་མོང་ལྟ་ཚུལ་གལ་ཆེན་བྱུང་ནས། ས་ཁུལ་རང་གི་མ་འོངས་པའི་འཕེལ་རྒྱས་ཐད་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་སོ་སོའི་སྲིད་ཏང་བར་རྒྱལ་ཁབ་དྲུག་གི་མགོ་གཙོའི་ཐུན་མོང་ལྟ་ཚུལ་དངོས་འབེབས་གང་ལེགས་བྱས་ཏེ། ཐུན་མོང་གི་དེང་རབས་ཅན་ཡུན་བརྟན་རྒྱང་བསྐྱོད་ཐུབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། ལིའུ་ཧེ་ཞིན་གྱིས་ད་རུང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་མཚམས་སྦྱོར་བྱས།
ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་ལྔའི་སྲིད་ཏང་གི་མགོ་ཁྲིད་པས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིར་གྲོས་འཆམ་བྱུང་བར་གདེང་འཇོག་ཆེན་པོ་བྱས་པ་དང་། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་ལ། རྒྱལ་ཁབ་སོ་སོར་གོ་སྐབས་གལ་ཆེན་བསྐྲུན་ཐུབ་པར་འདོད། ཨེ་ཤ་ཡཱ་དབུས་མའི་རྒྱལ་ཁབ་སོ་སོའི་སྲིད་ཏང་གིས་ཀྲུང་གོའི་གུང་ཁྲན་ཏང་བར་ལག་རྡང་སྦྲེལ་ནས་ཐུན་མོང་དེང་རབས་ཅན་གྱི་ལམ་དུ་བསྐྱོད་འདོད་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།