
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་དམིགས་བསལ་སྒེར་ཚུགས་ཆེད་མཁས་ཨུ་ཡོན་ལྷན་ཁང་གིས་ཚེས4ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏོན་ནས་སྙན་ཞུ་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་གོ་ལ་ཧྲིལ་བོའི་འདྲ་མཉམ་མིན་པའི་གནད་དོན་མཉམ་དུ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། ཆེད་དོན་ཨུ་ཡོན་ལྷན་ཁང་གསར་བ་ཞིག་བཙུགས་ནས། རྒྱལ་ཁབ་སོ་སོའི་སྲིད་གཞུང་ལ་དགོས་ངེས་ཀྱི་སྲིད་ཇུས་གཏན་འབེབས་བྱེད་པར་དཔྱད་གཞི་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།
གོ་ལ་ཧྲིལ་བོའི་མི་སྒེར་གྱི་ཡོང་འབབ་བར་ཁྱད་དེ་ཀྲུང་གོའི་དཔལ་འབྱོར་འཕར་སྣོན་གྱི་སྐུལ་ཁྲིད་འོག་ཇེ་ཆུང་དུ་སོང་ཡོད་ཀྱང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་ཡོང་འབབ་བར་ཁྱད་སྔར་བཞིན་ཧ་ཅང་ཆེ།
སྙན་ཞུ་ལས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲིད་གཞུང་བར་གྱི་ནམ་ཟླའི་འགྱུར་ལྡོག་ཆེད་དོན་ཨུ་ཡོན་ལྷན་ཁང་དཔེར་བླངས་ནས། འདྲ་མཉམ་མིན་པའི་གནད་དོན་གྱི་རྒྱལ་སྤྱིའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཞིག་བཙུགས་ནས། གོ་ལ་ཧྲིལ་བོའི་འདྲ་མཉམ་མིན་པའི་སྣང་ཚུལ་གྱི་འགྱུར་ལྡོག་འཕེལ་ཕྱོགས་ལ་ལྟ་ཞིབ་དང་། གྲུབ་འབྲས་དང་ཤུགས་རྐྱེན་ལ་དབྱེ་ཞིབ་བྱེད་རྒྱུ་མ་ཟད། གདམ་གསེས་བྱེད་དུ་བཅུག་ཆོག་པའི་དགོས་ངེས་ཀྱི་སྲིད་ཇུས་ལ་དཔྱད་འཇོག་བྱས་ནས། རྒྱལ་ཁབ་སོ་སོའི་སྲིད་གཞུང་དང་ཇུས་འདོན་པ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་དཔྱད་གཞི་འདོན་སྤྲོད་བྱེད་རྒྱུའི་གྲོས་གཞི་བཏོན།
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ཡིས་སྙན་ཞུ་སྤེལ་བའི་ཚོགས་འདུའི་སྟེང་བཤད་རྒྱུར། འདྲ་མཉམ་མིན་པ་ནི་མི་དམངས་ཀྱི་ལ་རྒྱར་མི་འཚམ་པ་དང་། དཀྱེལ་ཡངས་རང་བཞིན་གྱི་འཕར་སྣོན་གྱི་བཀག་རྒྱ་ཡིན་ལ། དམངས་གཙོ་རང་སྟེང་གི་འཇིགས་ཉེན་ཀྱང་ཡིན། འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པ་ནི་ང་ཚོ་རབས་འདིའི་མི་རྣམས་ཀྱི་ཡོལ་ཐབས་མེད་པའི་འགྲན་རྩོད་ཡིན་ཟེར། ཁོས་བསྟན་དོན། སྙན་ཞུ་དེ་སྔར་ལས་འདྲ་མཉམ་གྱི་འཛམ་གླིང་འཛུགས་སྐྲུན་བྱེད་པའི་ཇུས་གཞིར་འགྱུར་དགོས་པ་དང་། འདྲ་མཉམ་མིན་པ་སོགས་ཀྱི་གནད་དོན་དེ་ནམ་ཟླའི་འགྱུར་ལྡོག་དང་འདྲ་བར་རྒྱལ་སྤྱིའི་གྲོས་རིམ་གྱི་གྲོས་གཞི་གཙོ་བོར་འགྱུར་བར་འགན་སྲུང་བྱེད་དགོས་ཟེར།
དེ་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ལོ་རྒྱུས་སྟེང་གི་གོ་ལ་ཧྲིལ་བོའི་འདྲ་མཉམ་མིན་པའི་གནད་དོན་གྱི་སྙན་ཞུ་ཐོག་མ་ཡིན་པ་དང་། ཟླ11པའི་ཟླ་མཇུག་ཏུ་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རྩེ་ཚོགས་ལ་སྤྲད་ནས་གྲོས་བསྡུར་བྱེད་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།