ཀྲུང་གོ་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་གསར་བསྒྱུར་བྱས་པ་ནི་གོ་ལ་ཧྲིལ་བོའི་ནམ་ཟླའི་འགུལ་སྐྱོད་ཀྱི་གནད་འགག་དུས་སྐབས་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་སི་ཏིས་ཨར་གྱིས་ཚེས3ཉིན་བཤད་རྒྱུར། ཀྲུང་གོས་རྒྱལ་ཁབ་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་གསར་བསྒྱུར་བྱས་པ་ནི་གོ་ལ་ཧྲིལ་བོའི་ནམ་ཟླའི་འགུལ་སྐྱོད་ཀྱི་གནད་འགག་དུས་སྐབས་ཡིན་ཟེར།

སི་ཏིས་ཨར་གྱིས་ཉིན་དེར་སྨྱན་བྱད་ལ་བསྐུར་བའི་འཕྲིན་ཡིག་ནང་བཤད་རྒྱུར། སྐོར་ཐེངས་གསར་བའི་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་གྱིས་ཀྲུང་གོས་སྔ་ན་མེད་པའི་གཞི་རྒྱ་ཅན་གྱི་དག་གཙང་ཡིན་ཞིང་། བློ་གཏད་རུང་ལ། ཁག་ཁུར་ཐུབ་པའི་ནུས་ཁུངས་མ་ལག་ལ་སྣེ་ཁྲིད་བྱེད་རྒྱུ་མ་ཟད། དག་གཙང་ལག་རྩལ་གྱི་མ་རྩ་ཇེ་དམའ་རུ་གཏོང་བ་དང་གསར་གཏོད་སྦས་ཤུགས་སྐུལ་སྤེལ་བྱས་ནས། ནུས་ཁུངས་ཚུལ་བསྒྱུར་ཇེ་མགྱོགས་སུ་གཏོང་ཐུབ་ཟེར།

ད་ལོར་ཀྲུང་གོས2035ལོའི་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་ཁྱབ་བསྒྲགས་བྱས། སི་ཏིས་ཨར་གྱིས་བཤད་རྒྱུར། གོ་ལ་ཧྲིལ་བོའི་ནམ་ཟླའི་འགུལ་སྐྱོད་ལ་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། སྔར་བཞིན་འགྲན་རྩོད་ཆེན་པོར་འཕྲད་ཡོད། ཀྲུང་གོས་སྤྲད་པའི་དམིགས་འབེན་གསར་བ་ལས་དྲོད་རླངས་ཉུང་གཏོང་ཐད་ཀྱི་དམ་བཅའ་བརྟན་པོ་དང་སྔར་ལས་བཟང་བོར་བསྒྲུབས་པའི་ཆོད་སེམས་བརྟན་པོ་མངོན་པར་མཚོན་ཡོད་ཟེར།

སི་ཏིས་ཨར་གྱིས་བསྟན་དོན། མ་འོངས་པའི་གོ་ལ་ཧྲིལ་བོའི་དཔལ་འབྱོར་གྱིས་དག་གཙང་ནུས་ཁུངས་སྲོག་ཤིང་དུ་འཛིན་དགོས། རྒྱལ་ཁབ་མང་བོ་དང་འདྲ་བར་ཀྲུང་གོས་བལྟས་ན་སྔར་ལས་དག་གཙང་ཡིན་ཞིང་སྔར་ལས་དར་རྒྱས་ཡིན་པའི་མ་འོངས་པ་འཛུགས་པ་དེ་རང་ངོས་ཀྱི་རྒྱལ་ཁབ་ཁེ་ཕན་དང་འཚམ་པར་འདོད་ཡོད་ཟེར།

ད་ལོ་ནི་ཏག་ཏག་ཕཱ་རེ་སིའི་གྲོས་ཆོད་བཀོད་ནས་ལོ་ངོ10འགོར་བའི་ལོར་འཁེལ་ཡོད་ལ། སྐོར་ཐེངས་གསར་བའི་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་སྤྲད་པའི་གནད་འགག་དུས་སྐབས་ལའང་འཁེལ་ཡོད། ཀྲུང་གོ་ལས་གཞན་གོ་ལ་ཧྲིལ་བོའི་སྔར་ལས་མང་བའི་དཔལ་འབྱོར་ཚོགས་པས་ཀྱང་བསྟུད་མར་རང་རང་རྒྱལ་ཁབ་ཀྱི་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་གསར་བསྒྱུར་བྱེད་བཞིན་ཡོད།

སི་ཏིས་ཨར་གྱིས་བསྟན་དོན། རྒྱལ་ཁབ་སོ་སོས་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་དེ་མགོ་རྩོམ་སར་བྱས་ཤིང་། སྔར་ལས་ལྷག་པའི་སྤོབས་སེམས་ཆེན་པོས་གོམ་སྟབས་ཇེ་མགྱོགས་སུ་བཏང་སྟེ། མང་ཚོགས་ལ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་པའི་ནམ་ཟླའི་གནོད་འཚེ་མི་ཐེབས་པར་སྲུང་སྐྱོབ་བྱས་ནས། སྔར་ལས་སྟོབས་དང་ལྡན་པའི་ནམ་ཟླའི་འགུལ་སྐྱོད་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་བདེ་ཆེན་པོ་ཐོབ་པར་རེ་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།