
མའོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཡིས་ཚེས3ཉིན་གསལ་སྒྲོག་ཅིག་སྤེལ་ཏེ། ཕེ་རུ་ཕྱོགས་གཅིག་གིས་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པར་འཕང་སེམས་ཆེ་བའི་ཚུལ་བསྟན་པར་མ་ཟད་ངོ་རྒོལ་བྱས་པ་དང་། མའོ་ཞི་ཁོ་ཕྱོགས་ཀྱི་འབྲལེ་ཡོད་བྱ་སྤྱོད་ཁྲིམས་མཐུན་ཡིན་པར་མ་ཟད་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་ཟེར།
ཕེ་རུའི་ཕྱི་འབྲེལ་བློན་ཆེན་ཏི་སེ་ལཱ་ཡིས་ཉིན་དེའི་སྔ་དྲོར་ཁྱབ་བསྒྲགས་བྱས་དོན། ཕེ་རུ་རུ་སྡོད་པའི་མའོ་ཞི་ཁོའི་གཞུང་ཚབ་ཁང་གིས་ཕེ་རུའི་སྔོན་ཆད་ཀྱི་ཙུང་ལི་ཁྲ་ཝེ་སི་ལ་ཆབ་སྲིད་འགེབས་སྲུང་བྱས་པའི་དབང་གིས་ཕེ་རུ་ཡིས་མའོ་ཞི་ཁོའི་བར་གྱི་ཕྱི་ཕྱོགས་འབྲེལ་ཐག་གཅོད་རྒྱུ་ཐག་བཅད་པ་རེད་ཟེར།
མའོ་ཞི་ཁོའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། མའོ་ཞི་ཁོ་ཕྱོགས་ཀྱི་གོང་གི་བྱེད་ཐབས་དེ་ནི་ཕེ་རུའི་ནང་སྲིད་ལ་ཐེ་གཏོགས་བྱས་པ་གཏན་ནས་མིན་པའི་ཚུལ་བསྟན་པར་མ་ཟད། སྔོན་ལ་གྲོས་མོལ་དང་ཞི་བདེའི་ཐབས་ལ་བརྟེན་ནས་རྩོད་གླེང་ཞི་འཇགས་སུ་གཏོང་དགོས་པའི་ཚུལ་བསྟན།
བསོད་ནམས་ཚེ་རིང་གིས་བསྒྱུར།