དབྱི་ལིང་གི་ས་ཁུལ་མང་བོར་ཨ་མེ་རི་ཁ་དང་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་བསྡུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

དབྱི་ལིང་གི་ས་ཁུལ་མང་བོའི་མང་ཚོགས་ཀྱིས་ཚེས4ཉིན་འདུ་ཚོགས་བསྡུས་ཏེ། ཨ་མེ་རི་ཁའི་བཙན་དབང་དང་དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ས་དེའི་སྔ་དྲོའི་དུས་ཚོད་དགུའི་སྟེང་། རྒྱལ་ས་ཏི་ཧེ་ལན་དང་བཅས་པའི་གྲོང་ཁྱེར་མང་བོ་ནས་འདུ་ཚོགས་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། དབྱི་ལིང་གི་ལས་རིགས་སོ་སོའི་མི་སྣ་འདུ་ཚོགས་ལ་ཞུགས། ཏི་ཧེ་ལན་ནས་རྔམ་སྟོན་ཁྲོམ་སྐོར་མཁན་གྱིས་ཕཱ་ལེ་སི་ཐན་ཐང་ཆེན་ནས་དབྱི་ལིང་དུ་སྡོད་པའི་ཨ་མེ་རི་ཁའི་སྔོན་ཆད་ཀྱི་གཞུང་ཚབ་ཁང་བར་ཁྲོམ་སྐོར་བྱས་པ་དང་། ལམ་ཧྲིལ་བོར་ཨ་མེ་རི་ཁ་དང་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་ཁ་གཡང་མཐོན་པོར་བསྒྲགས་ནས། དབྱི་ལིང་གི་རྒྱལ་དར་གཡུགས་གཡུགས་བྱས་པར་མ་ཟད། ད་ལོའི་ཟླ6པར་དབྱི་ལིང་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཁྲོད་ཀྱི་འདས་པོའི་འདྲ་པོར་མཐོན་པོར་བསྒྲེངས་ཡོད། རྔམ་སྟོན་མཁན་གྱིས་ད་རུང་ཨ་མེ་རི་ཁ་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་མེར་བསྲེགས་ཏེ། ཨ་མེ་རི་ཁ་དང་དབྱི་སི་རལ་གྱིས་དབྱི་ལིང་དང་ཨེ་ཤ་ཡཱ་ནུབ་མའི་ས་ཁུལ་ནས་བཟོས་པའི་ནག་ཉེས་ལ་སྡང་སེམས་སྐྱེས་པའི་ཚུལ་བསྟན།

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། དབྱི་ལིང་གྲོས་ཁང་གི་གྲོས་དཔོན་ཁཱ་ལེ་པཱ་ཧྥུའུ་ཡིས་ཉིན་དེར་ཏི་ཧེ་ལན་ནས་འདུ་ཚོགས་སྤེལ་མཁན་ལ་གཏམ་བཤད་སྤེལ་སྐབས་བསྟན་དོན། དབྱི་ལིང་གིས་རྣམ་པ་གང་རུང་གི་བཀོད་སྒྲིག་དང་ལེན་བྱེད་མི་སྲིད་པ་དང་། ཐོག་མཐའ་བར་གསུམ་དུ་བཙན་དབང་དང་ང་རྒྱལ་ལ་འཐབ་རྩོད་བྱེད་བཞིན་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།