
ཧྥེ་ལེ་པེན་མཁའ་དམག་གིས་ཚེས4ཉིན་བསྒྲགས་པ་ལྟར་ན། དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ཉིན་དེར་དྲག་རླུང་གནོད་འགོག་ལས་འགན་ལག་བསྟར་བྱེད་དུ་འགྲོ་སྐབས། མེན་ལན་ལའོ་གླིང་ཕྲན་ཨ་ཀུའུ་སིང་ལྷོ་མ་ཞིང་ཆེན་དུ་སར་ལྷུང་ཟེར།
ཧྥེ་ལེ་པེན་མཁའ་དམག་གིས་བཤད་རྒྱུར། གྱེན་འཕུར་གནམ་གྲུ་དེ་ཏཱ་བོ་གྲོང་ཁྱེར་ནས་འཕུར་བ་དང་། ཨ་ཀུའུ་སིང་བྱང་མ་ཞིང་ཆེན་གྱི་ཝུའུ་ཏོན་གྲོང་ཁྱེར་དུ་འཕུར་ནས་དྲག་རླུང་གནོད་འགོག་ལས་འགན་ལག་བསྟར་བྱེད་རྒྱུའི་འཆར་གཞི་ཡོད། དམག་ཕྱོགས་ཀྱིས་གྱེན་འཕུར་གནམ་གྲུ་དེའི་བར་འབྲེལ་ཐག་ཆད་རྗེས། མྱུར་མོར་རྒུད་སྐྱོབ་འགུལ་སྐྱོད་སྤེལ་བ་ཡིན་ཟེར།
ཧྥེ་ལེ་པེན་མཁའ་དམག་གིས་གྱེན་འཕུར་གནམ་གྲུ་དེར་མི་ག་ཚོད་བསྡད་ཡོད་པ་དང་ཤི་རྨས་བྱུང་བའི་གནས་ཚུལ་བསྒྲགས་མེད་པ་དང་། དོན་རྐྱེན་དེའི་འབྱུང་རྐྱེན་ལ་མིག་སྔར་རྟོག་ཞིབ་བྱེད་བཞིན་ཡོད།
མཚོ་སྐྱར་ཞེས་པའི་དྲག་རླུང་ཚེས4ཉིན་གྱི་ཞོགས་པར་ཧྥེ་ལེ་པེན་སྐམ་སར་བུད་པས་དྲག་ཆར་ཆེན་པོ་བབས་ནས། ཧྥེ་ལེ་པེན་དབུས་ཕྱོགས་དང་ལྷོ་ཕྱོགས་ཀྱི་ས་ཁུལ་མང་བོར་ཆུ་ལོག་དང་སྡོང་བོ་ལོག་པ། གློག་སྡོང་ཆག་པ་སོགས་ཀྱི་གནོད་འཚེ་བྱུང་ཡོད།
གཞན་ཡང་ཧྥེ་ལེ་པེན་དམངས་སྲུང་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས་ཚེས4ཉིན་སྨྱན་བྱད་ལ་བསྟན་དོན། མཚོ་སྐྱར་ཞེས་པའི་དྲག་རླུང་དབང་གིས་མི26རྐྱེན་ལམ་དུ་ཤོར་བའི་སྙན་ཞུ་འབྱོར་ཡོད་ཟེར།
མགྲིན་ཚབ་པ་དེས་བཤད་རྒྱུར། མུས་ཧྲ་ཡན་དབུས་མ་ས་ཁུལ་དུ་མི22རྐྱེན་ལམ་དུ་ཤོར་བ་དང་། ནེ་ཀི་ལོ་སི་གླིང་ཕྲན་ས་ཁུལ་དུ་མི2རྐྱེན་ལམ་དུ་ཤོར་ཡོད་ལ། མུས་ཧྲ་ཡན་ནུབ་མ་ས་ཁུལ་དང་མུས་ཧྲ་ཡན་ཤར་མ་ས་ཁུལ་དུ་སོ་སོར་མི1རྐྱེན་ལམ་དུ་ཤོར་བ་སྙན་ཞུ་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།