ཀྲུང་གོ་དང་ཨ་རབ་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་གྱི་ཉན་བལྟའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

སྐབས་བདུན་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་མཉམ་ལས་གླེང་སྟེགས་ཟླ11པའི་ཚེས5ཉིན་ཁྲོན་ཆིན་ནས་སྤེལ་མགོ་བརྩམས། གླེང་སྟེགས་སྟེང་སྤེལ་བའི་བསྒྲགས་གཏམ་ལས་བསྟན་དོན། ཀྲུང་གོག་དང་ཨ་རབ་ཕྱོགས་གཉིས་ཀྱིས་རྒྱང་སྒྲོག་བརྙན་འཕྲིན་གྱི་ཉན་བལྟའི་སྲིད་ཇུས་དང་ནང་དོན། ལག་རྩལ། མི་སྣའི་བརྗེ་རེས་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན་ཟེར།

སྐབས་འདིའི་གླེང་སྟེགས་ཀྱིས་ཀྲུང་གོ་དང་ཨ་རབ་ཀྱི་དཔལ་ཡོན་དཔེར་ལེན་བྱས་ནས་ཉན་བལྟའི་གསར་གཏོད་མཉམ་རྒྱལ་ཞེས་པ་བརྗོད་སྙིང་དུ་བྱས་ཡོད་ཅིང་། ཀྲུང་གོ་དང་ཨ་རབ་ཀྱི་སྐུ་མགྲོན་དག་གིས་ནང་དོན་དང་ལག་རྩལ་ཕྱོགས་ཆེན་པོ་གཉིས་གཞིར་བཟུང་སྟེ། གཞི་གྲངས་སྨྱན་བྱད་དུས་རབས་ཀྱི་ཀྲུང་གོ་དང་ཨ་རབ་ཀྱི་ཉན་བལྟའི་ནང་དོན་མཉམ་ལས་དང་ལག་རྩལ་གྱིས་ཉན་བལྟའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་སྩོལ་བྱེད་པའི་གྲོས་གཞིའི་ཐད་ནས་གྲོས་ཞིབ་བྱས་པ་དང་། གཙོ་བོ་ནང་དོན་མཉམ་ལས་དང་ལག་རྩལ་བེད་སྤྱོད། ལས་རྣམ་གསར་བའི་གསོ་སྤེལ་སོགས་ལ་དམིགས་ཏེ་གྲོས་མོལ་བརྗེ་རེས་བྱས།

གླེང་སྟེགས་སྟེང་སྐབས་བདུན་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་རྒྱང་སྒྲོག་བརྙན་འཕྲིན་གྱི་མཉམ་ལས་གླེང་སྟེགས་ཀྱི་བསྒྲགས་གཏམ་སྤེལ་བ་དང་། དེའི་ནང་ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་ཀྱིས་གསར་འགྱུར་དྲིལ་སྒྲོག་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དངོས་ཡོད་ཀྱི་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པ་དང་། མུ་མཐུད་དུ་ཉན་བལྟའི་ནང་དོན་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཨ་རབ་ཀྱི་ཐུན་མིན་རིག་གནས་དང་དུས་རབས་ཀྱི་མཛའ་མཐུན་འགྲོ་འོང་གཏམ་རྒྱུད་མཚོན་པར་བྱེད་རྒྱུ་མ་ཟད། ལས་རིགས་ཀྱི་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་བྱས་ནས། སྨྱན་བྱད་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་རྩོད་མཉམ་དུ་ཐག་གཅོད་བྱེད་རྒྱུ་རེད།

སྐབས་འདིའི་གླེང་སྟེགས་ནི་ཀྲུང་གོའི་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་དང་ཁྲོན་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དྲུང་ཡིག་ཁྲུའུ། ཨ་རབ་རྒྱལ་ཁབ་རྒྱང་སྒྲོག་མནའ་འབྲེལ་བཅས་ཀྱི་མཉམ་དུ་སྤེལ་བ་དང་། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ16ནས་ཡོང་བའི་རྒྱང་སྒྲོག་བརྙན་འཕྲིན་གྱི་སྲིད་གཞུང་གཙོ་གཉེར་སྡེ་ཁག་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་ཉན་བལྟའི་སྨྱན་བྱད། རྒྱལ་སྤྱིའི་རྩ་འཛུགས། ཀྲུང་གོར་སྡོད་པའི་གཞུང་ཚབ་པ། འབྲེལ་ཡོད་ཁེ་ལས། མཐོ་རིམ་སློབ་གྲྭའི་རིག་མཛོད་བཅས་ཀྱི་མི300ཙམ་གླེང་སྟེགས་ལ་ཞུགས།

གླེང་སྟེགས་ནས་ད་རུང་ཀྲུང་གོ་དང་ཨ་རབ་ཀྱི་ཉན་བལྟའི་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་ལྔ་བཅུ་ལྷག་སྤེལ་བ་དང་། སྐབས་བཞི་བའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་བརྙན་རིས་ཐུང་ངུའི་འགྲན་སྡུར་ཆེན་མོའི་བྱ་དགའ་ཐོབ་པའི་བརྩམས་ཆོས་ཁྱབ་བསྒྲགས་བྱས། དེ་མིན་ཀྲུང་གོ་དང་ཨ་རབ་རྒྱང་སྒྲོག་བརྙན་འཕྲིན་གྱི་ཉན་བལྟའི་ནང་དོན་དང་ལག་རྩལ་བརྗེ་རེས་འགྲེམ་སྟོན་དང་ཀྲུང་གོ་དང་ཨ་རབ་མཉམ་ལས་ཀྱི་བརྗོད་དོན་རོལ་དབྱངས་ཚོགས་འདུ། ཀྲུང་གོ་དང་ཨ་རབ་སྨྱན་བྱད་ཀྱི་གཟི་དཔལ་སོགས་བྱ་འགུལ་སྣ་ཚོགས་སྤེལ།


བསོད་ནམས་ཚེ་རིང་གིས་བསྒྱུར།