
པཱ་ཞིའི་སྲིད་འཛིན་ལུའུ་ལཱ་ཡིས་ཚེས4ཉིན་པཱ་ཞིའི་བྱང་ཕྱོགས་ཀྱི་ཕཱ་ལཱ་མངའ་སྡེའི་ལྟེ་གནས་གྲོང་ཁྱེར་པེ་ལོན་ནས་བཅའ་ཁྲིམས་འཆར་ཟིན་བཀོད་དེ། ཟླ11པའི་ཚེས11ཉིན་ནས་ཚེས21ཉིན་བར་པཱ་ཞིའི་རྒྱལ་ས་དེ་པཱ་ཞི་ལེ་ཡཱ་ནས་པེ་ལོན་དུ་སྤར་ནས། མི་འགྱངས་པར་པེ་ལོན་ནས་སྤེལ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་སུམ་ཅུ་བར་རམ་འདེགས་བྱེད་རྒྱུ་ཐག་བཅད།
ཚེས་བཞི་ཉིན་སྤེལ་བའི་སྤྱི་སྒྲོག་ལས་བཤད་རྒྱུར། པེ་ལོན་གནས་སྐབས་ཀྱི་རྒྱལ་སར་བྱེད་པའི་སྐབས་སུ། སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་དབང་ཤུགས་སྡེ་ཁག་ཆེན་པོ་གསུམ་གྱིས་གནས་དེར་གཞུང་སྒྲུབ་བྱེད་རྒྱུ་ཡིན་ལ། སྲིད་འཛིན་དང་པུའུ་ཀྲང་གིས་བཀོད་པའི་ཡིག་ཆ་དང་བཀའ་རྒྱ་ཚང་མ་པེ་ལོན་ནས་སྤེལ་རྒྱུ་ཡིན་ཟེར།
པེ་ལོན་ནི་ཡཱ་མཱ་སོན་ཆར་ལྡན་ནགས་ཚལ་ས་ཁུལ་གྱི་འགྲིམ་འགྲུལ་དང་དཔལ་འབྱོར་གྱི་ལྟེ་བ་ཡིན། སྤྱི་སྒྲོག་ལས་བཤད་རྒྱུར། པཱ་ཞི་ཡིས་རྒྱལ་ས་གནས་སྐབས་སུ་སྤར་བ་ལས་ཡཱ་མཱ་སོན་ས་ཁུལ་གྱི་གོ་ལ་ཧྲིལ་བོའི་གྲོས་རིམ་ཁྲོད་ཀྱི་གལ་ཆེན་རང་བཞིན་འབུར་ཐོན་དུ་བྱས་ནས། པཱ་ཞི་ཡི་ནམ་ཟླའི་འགྱུར་ཐག་གཅོད་བྱེད་པའི་དམ་བཅའ་ནན་བཤད་བྱེད་པར་རེ་བཞིན་ཡོད་ཟེར།
སྐབས་འདིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་དེ་ཟླ་འདིའི་ཚེས10ཉིན་ནས་ཚེས21ཉིན་བར་སྤེལ་རྒྱུ་ཡིན་པ་དང་། དེའི་སྔོན་པཱ་ཞི་ཡིས1992ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན་སྐབས་སུ་རྒྱལ་ས་ལི་ཡའོ་རི་ནེ་ལུའུ་རུ་གནས་སྤར་མྱོང་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།