མཚོ་སྐྱར་ཞེས་པའི་དྲག་རླུང་ལས་ཧྥེ་ལེ་པེན་ནས་ཉུང་མཐར་ཡང་མི85རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཧྥེ་ལེ་པེན་རྒྱལ་ཁབ་གནོད་སེལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཚེས5ཉིན་བསྒྲགས་པ་ལྟར་ན། བསྟུད་མར་ཉིན་འགའི་རིང་ལ་ཧྥེ་ལེ་པེན་རྒྱལ་ཡོངས་ལ་མཚོ་སྐྱར་ཞེས་པའི་དྲག་རླུང་གི་འཇིགས་པ་ཐེབས་ཏེ། ཉུང་མཐར་ཡང་མི85རྐྱེན་ལམ་དུ་ཤོར་བ་དང་། མི75གར་སོང་རྙེད་མེད་ལ། གཞན་ཡང་མི17ལ་རྨས་ཕོག་ཡོད་ཟེར།

རྒྱལ་ཁབ་གནོད་སེལ་དོ་དམ་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྐྱར་ཞེས་པའི་དྲག་རླུང་ལས་སུའུ་ཝུའུ་ཞིང་ཆེན་ནས་མི49རྐྱེན་ལམ་དུ་ཤོར་བ་དང་། བསྒྲགས་པའི་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ནང་ཚེས4ཉིན་གནོད་སྐྱོབ་ལས་འགན་ལག་བསྟར་བྱེད་སྐབས་མེན་ལན་ལའོ་གླིང་ཕྲན་ནས་སར་ལྷུང་བའི་དམག་བཀོལ་གྱེན་འཕུར་གནམ་གྲུའི་སྟེང་གི་མི6པོ་འདུས་མེད།

བསྡོམས་རྩིས་བྱས་པ་ལྟར་ན། སུའུ་ཝུའུ་ཞིང་ཆེན་དུ་མི13གར་སོང་རྙེད་མེད་པ་དང་། ནུབ་ཕྱོགས་ཀྱི་ནེ་ཀི་ལོ་སི་ཞིང་ཆེན་དང་ཤར་ངོས་ཀྱི་ནེ་ཀི་ལོ་སི་ཞིང་ཆེན་དུ་བསྡོམས་པས་མི62གར་སོང་རྙེད་མེད་ལ། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། མིག་སྔར་ཧྥེ་ལེ་པེན་གྱི་གནོད་འཚེ་ཐེབས་པའི་མི་གྲངས་འབུམ་བདུན་ལས་བརྒལ་ཡོད་པ་དང་། མི་འབུམ་གསུམ་དང་ཁྲི་བཞི་ལྷག་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་གནས་སུ་ཉེན་ཡོལ་བྱེད་བཞིན་ཡོད།

མཚོ་སྐྱར་ཞེས་པའི་དྲག་རླུང་དེ་ཚེས4ཉིན་གྱི་ཞོགས་པར་ཧྥེ་ལེ་པེན་སྐམ་སར་བུད་པ་དང་། ཧྥེ་ལེ་པེན་གནམ་གཤིས་བརྟག་དཔྱད་སྡེ་ཁག་གིས་ཚོད་དཔག་བྱས་ན་དྲག་རླུང་དེ་ཚེས5ཉིན་གྱི་དགོང་མོའམ་ཡང་ན་ཚེས6ཉིན་གྱི་ཞོགས་པར་ཧྥེ་ལེ་པེན་གྱི་མངའ་ཁོངས་དང་འབྲལ་སྲིད།


བསོད་ནམས་ཚེ་རིང་གིས་བསྒྱུར།