
ཡེ་མིན་སྲིད་གཞུང་གི་བདེ་འཇགས་དཔོན་རིགས་ཀྱིས་ཚེས5ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཨ་པུས་དབྱང་ཞིང་ཆེན་དུ་ཉིན་དེའི་ཞོགས་པར་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི34རྐྱེན་ལམ་དུ་ཤོར།
དཔོན་རིགས་དེས་གསར་འགོད་པར་བཤད་རྒྱུར། མི44དྲུད་ཅིང་སོ་ཏི་ཨ་རབ་ནས་ཡེ་མིན་གྲུ་ཁའི་གྲོང་ཁྱེར་ཡཱ་ཏེན་དུ་བགྲོད་པའི་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་ཨ་པུས་དབྱང་ཞིང་ཆེན་གྱི་རི་ལམ་ཞིག་བརྒྱུད་སྐབས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་ཐོ་བརྒྱབ་ནས་མེར་འབར་བ་རེད། དོན་རྐྱེན་དེ་ལས་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི31དང་འགྲུལ་སྐྱེལ་རླངས་འཁོར་ཆུང་བའི་སྟེང་གི་མི3རྐྱེན་ལམ་དུ་ཤོར་བ་དང་། རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་སྟེང་གི་མི13སྒེའུ་ཁུང་ལས་ཐར་ཡོད་ཀྱང་བསྲེག་རྨས་ཚབས་ཆེན་ཐེབས་ཡོད་ཟེར།
དོན་རྐྱེན་བྱུང་སའི་རི་ལམ་དེ་ས་བབ་གཟར་ཞིང་དཀྱོགས་མང་བས། ཨ་པུས་དབྱང་ཞིང་ཆེན་གྱི་ཆེས་ཉེན་ཁ་ཆེ་བའི་བགྲོད་ལམ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། ཡེ་མིན་དུ་ལོ་མང་བོར་འཐབ་འཁྲུག་བྱུང་སྟེ་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། ཞིག་གསོ་བྱས་པ་ལུགས་མཐུན་མིན་པས། འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་རྒྱུན་དུ་འབྱུང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།