
ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ཡིས་ཚེས6ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏོན་ནས་བསྟན་དོན། ཨ་ཧྥེ་རི་ཁ་ལྷོ་མས་ཟླ་འདིའི་ཟླ་སྨད་དུ་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ཡའོ་ཧན་ནེ་སི་པའོ་རྩེ་ཚོགས་ནས་རྒྱལ་སྤྱིའི་དངུལ་ལོར་མ་ལག་ལ་བཅོས་བསྒྱུར་བྱེད་པའི་ཐུན་མོང་ལྟ་ཚུལ་དང་དམ་བཅའ་འགོད་པར་རེ་སྒུག་བྱེད་བཞིན་ཡོད་ཟེར།
ལཱ་མཱ་ཧྥུའུ་སཱ་ཡིས་ཉིན་དེའི་ཕྱི་དྲོར་ཨ་ཧྥེ་རི་ཁ་ལྷོ་མའི་རྒྱལ་དམངས་གྲོས་ཁང་ནས་གྲོས་མིས་བཏོན་པའི་གནད་དོན་ལ་ལན་འདེབས་སྐབས་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་མཐུན་སྒྲིལ་དང་འདྲ་མཉམ། རྒྱུན་མཐུད་རང་བཞིན་བཅས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་བའི་སྐབས་ཀྱི་གྲོས་རིམ་གཙོ་བོར་བྱས་ཡོད་ཅིང་། སྔར་ལས་གཏན་འཇགས་དང་ཕན་ནུས་ལྡན་ལ་བབ་བསྟུན་རང་བཞིན་ལྡན་པའི་རྒྱལ་སྤྱིའི་དངུལ་ལོར་མ་ལག་ཅིག་འཛུགས་པར་འབད་འབུངས་བྱེད་རྒྱུ་ཡིན། ཨ་ཧྥེ་རི་ཁ་ལྷོ་མས་ཐེངས་འདིའི་རྩེ་ཚོགས་ནས་འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པ། ཨ་ཧྥེ་རི་ཁ་གླིང་གསར་སྤེལ་དངུལ་ཁང་སོགས་ཕྱོགས་མང་དངུལ་ལོར་ལས་ཁུངས་ཀྱིས་ཐུན་མོང་ལྟ་ཚུལ་བཀོད་དེ། སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་སོ་སོས་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་ཐུབ་པར་རེ་བཞིན་ཡོད་ཟེར།
ལཱ་མཱ་ཧྥུའུ་སཱ་ཡིས་བཤད་རྒྱུར། བུ་ལོན་གྱི་ཉམ་ཞན་རང་བཞིན་ལས་ཡོང་འབབ་དམའ་འབྲིང་གི་རྒྱལ་ཁབ་དག་གི་ནོར་སྲིད་བར་སྟོང་དང་འཕར་སྣོན་སྦས་ཤུགས། དབུལ་ཕོངས་དང་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པའི་ནུས་པར་ཚོད་འཛིན་ཐེབས་ཡོད་ལ། ཨ་ཧྥེ་རི་ཁ་ལྷོ་མས་ཐེངས་འདིའི་རྩེ་ཚོགས་ནས་གནད་དོན་དེ་ཐག་གཅོད་བྱེད་པའི་ཐད་ཆབ་སྲིད་དམ་བཅའ་བཞག་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་བུ་ལོན་ཐག་གཅོད་ཀྱི་ཐུན་མོང་སྒྲོམ་གཞིའི་དངོས་འབེབས་ལ་སྐུལ་འདེད་གཏོང་ཐུབ་པར་རེ་བཞིན་ཡོད་ཟེར།
ལཱ་མཱ་ཧྥུའུ་སཱ་ཡིས་ད་རུང་བཤད་རྒྱུར། ཨ་ཧྥེ་རི་ཁ་ལྷོ་མས་ཐེངས་འདིའི་རྩེ་ཚོགས་ནས་གོ་ལ་ཧྲིལ་བོའི་དངུལ་ལོར་བདེ་འཇགས་དྲ་རྒྱའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བྱས་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་དཔལ་འབྱོར་ཚོགས་པའི་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་ལོར་ཐབས་ཇུས་ཁྲོད་ཀྱི་འཐུས་ཚབ་རང་བཞིན་མཐོར་འདེགས་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།
རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་བ་དེ་ཟླ11པའི་ཚེས22ཉིན་ནས་ཚེས23ཉིན་བར་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་འཚོགས་རྒྱུ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།