
ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་འཛིན་ལཱ་མཱ་ཧྥུའུ་སཱ་ཡིས་ཚེས6ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་དུ་འདྲ་མཉམ་མིན་པའི་སྣང་ཚུལ་མེད་པར་གཏོང་བ་དང་། དཀྱེལ་ཡངས་རང་བཞིན་གྱི་འཕར་སྣོན་ལ་སྐུལ་འདེད་བཏང་སྟེ། བུད་མེད་ལ་དབང་ཆ་སྩོལ་བ་དང་ཕོ་མོ་འདྲ་མཉམ་ཐད་ནས་བླངས་པའི་གྲུབ་འབྲས་ལ་སྲུང་སྐྱོབ་དང་དེར་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།
ལཱ་མཱ་ཧྥུའུ་སཱ་ཡིས་ཉིན་དེར་ཨ་ཧྥེ་རི་ཁ་ལྷོ་མའི་ཁྲིམས་འཛུགས་རྒྱལ་ས་ཁའེ་ཕུའུ་ཏོན་ནས་བསྡུས་པའི་རྒྱལ་སྤྱིའི་བུད་མེད་གླེང་སྟེགས་གྲོས་ཚོགས་སྟེང་ཞུ་ཚིག་འབུལ་སྐབས་བཤད་རྒྱུར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་གོ་ལ་ཧྲིལ་བོའི་འདྲ་མཉམ་མིན་པའི་གནད་དོན་སྐོར་གྱི་སྙན་ཞུ་ལས་མངོན་པ་ལྟར་ན། དཔལ་འབྱོར་འདྲ་མཉམ་མིན་པའི་ཚད་ཅུང་མཐོ་བའི་སྤྱི་ཚོགས་ཁྲོད། བུད་མེད་ཀྱི་མཐོ་རིམ་སློབ་གསོ་ཡོངས་འགྲུབ་བྱས་པའམ་ཁྲིམས་འཛུགས་ལས་ཁུངས་ཁྲོད་དུ་འཐུས་མིའི་དབང་ཆ་ཡོད་པའི་བསྡུར་ཚད་ཅུང་དམའ་བ་དང་། ཕོ་མོའི་བར་གྱི་ཟླ་ཕོགས་བར་ཁྱད་ལྷག་ཏུ་ཆེ་བར་མངོན། དེ་དག་ནི་བུད་མེད་གོང་འཕེལ་དང་འཕེལ་རྒྱས་སུ་འགྲོ་བའི་ཐད་ཀྱི་བཀག་རྒྱ་ཆེན་པོ་ཡིན་ཟེར།
ལཱ་མཱ་ཧྥུའུ་སཱ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་རྡང་སྦྲེལ་ནས་མཉམ་ལས་བྱེད་པ་དང་འཐབ་ཇུས་གཏན་འབེབས་བྱས་ཏེ་འགུལ་སྐྱོད་སྤེལ་ནས། བུད་མེད་ལ་དབང་ཆ་སྩོལ་བའི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་ཇེ་ཞན་དུ་མི་འགྲོ་བར་འགན་སྲུང་སྒོས་མཉམ་དུ་སྔར་ལས་འདྲ་མཉམ་དྲང་བདེན་གྱི་འཛམ་གླིང་ཞིག་གསར་བསྐྲུན་བྱེད་དགོས་པའི་འབོད་སྐུལ་བཏང་།
བསོད་ནམས་ཚེ་རིང་གིས་བསྒྱུར།