དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་བཀའ་རྒྱ་བཏང་སྟེ་དབྱི་སི་རལ་དང་ཨེ་ཅིབ་ཀྱི་མཐའ་མཚམས་ས་ཁུལ་དེ་བཀག་སྡོམ་གྱི་དམག་དོན་ས་ཁུལ་དུ་དགར་རྒྱུའི་རེ་བ་བཏོན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ཚི་ཡིས་ཚེས6ཉིན་སྨྱན་བྱད་ལ་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། ཁོས་བཀའ་རྒྱ་བཏང་སྟེ་རྒྱལ་སྲུང་དམག་དཔུང་གིས་དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་དབྱི་སི་རལ་དང་ཨེ་ཅིབ་ཀྱི་མཐའ་མཚམས་ས་ཁུལ་དེ་བཀག་སྡོམ་དམག་དོན་ས་ཁུལ་དུ་དགར་རྒྱུ་མ་ཟད། འཐབ་འཁྲུག་བྱེད་པའི་སྒྲིག་སྲོལ་བཟོ་བཅོས་བྱས་ནས་མི་མེད་གནམ་གྲུའི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཁཱ་ཚི་ཡིས་གསལ་སྒྲོག་ནང་བཤད་རྒྱུར། མི་མེད་གནམ་གྲུ་བེད་སྤྱད་དེ་མཚོན་ཆ་ལྐོག་འཚོང་བྱེད་པ་ནི་ཅཱ་ཧྲ་ས་ཁུལ་གྱི་འཐབ་འཁྲུག་གི་ཁག་ཅིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ང་ཚོའི་དགྲ་བོར་དྲག་ཆས་སྤྲས་པའི་ཆེད་ཡིན། དབྱི་སི་རལ་ཕྱོགས་ཀྱིས་བྱ་སྤྱོད་དེ་རིགས་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་དུ་རློམ་སྲིད་ལ། ངེས་པར་དུ་བྱེད་ཐབས་གང་ཡོད་བཏོན་ནས་བཀག་འགོག་བྱེད་ངེས་ཡིན་ཟེར།

དབྱི་སི་རལ་གྱི་སྐབས་དོན་ཚགས་པར་གྱིས་ཚེས6ཉིན་བསྒྲགས་པ་ལྟར་ན། འདས་པའི་ལོ་གཅིག་གི་ནང་མི་མེད་གནམ་གྲུ་བེད་སྤྱད་དེ་དབྱི་སི་རལ་དང་ཨེ་ཅིབ་ཀྱི་མཐའ་མཚམས་བརྒྱུད་དེ་མཚོན་ཆ་དང་དུག་རྫས་ལྐོག་འཚོང་བྱེད་པའི་དོན་རྐྱེན་མང་བོ་བཟོས་མྱོང་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། རྒྱལ་སྲུང་པུའུ་དང་མཁའ་དམག་གིས་ལག་རྩལ་ཐག་གཅོད་ཇུས་གཞི་གསར་བ་གསར་སྤེལ་བྱས་ནས་མི་མེད་གནམ་གྲུའི་འཇིགས་ཉེན་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།

ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་དུས་རིམ་དང་པོའི་གྲོས་མཐུན་དེ་ཟླ10བའི་ཚེས10ཉིན་ནུས་ལྡན་དུ་གྱུར་ཡང་། དབྱི་སི་རལ་གྱི་དམག་དཔུང་གིས་སྔར་བཞིན་བདེ་འཇགས་རྒྱུ་མཚན་དུ་བྱས་ནས་དུས་ངེས་མེད་དུ་འཇབ་རྒོལ་བྱེད་བཞིན་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།