
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གིས་ཚེས6ཉིན་ཡོངས་བསྒྲགས་འཕྲིན་ཡིག་སྤེལ་ཏེ། ལེ་པཱ་ནུན་གྱི་སྲིད་འཛིན་ཨོ་ཨིན་དང་གྲོས་དཔོན་པེ་ལི། ཙུང་ལི་སཱ་ལཱ་མུའུ་བཅས་དབྱི་སི་རལ་བར་གྲོས་མོལ་བྱེད་པའི་འོབས་དོང་དུ་ལྡིང་མི་རུང་བའི་སྐུལ་མ་བཏང་། གྲོས་མོལ་དེ་རིགས་ལས་དགྲ་ཕྱོགས་ཀྱི་ཁེ་ཕན་ལ་ཞབས་ཞུ་བྱེད་པ་ཙམ་མ་གཏོགས་ལེ་པཱ་ནུན་གྱི་བདག་དབང་ལ་ཤི་གསོན་རང་བཞིན་གྱི་འཇིགས་ཉེན་ཐེབས་སྲིད་ཟེར།
ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་ཁོངས་སུ་གཏོགས་པའི་སྒྲོན་སྟེགས་བརྙན་འཕྲིན་ཁང་གིས་འཕྲིན་ཡིག་དེ་དྲངས་ནས་བསྒྲགས་པ་ལྟར་ན། ལེ་པཱ་ནུན་སྲིད་གཞུང་དང་ཀྲིན་ཀྲུའུ་ཏང་གིས་ཐོག་མཐའ་བར་གསུམ་དུ་ལེ་པཱ་ནུན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱེད་བཞིན་ཡོད་ཀྱང་། དབྱི་སི་རལ་ཕྱོགས་ཀྱིས་བསྟུད་མར་སྐམ་མཚོ་མཁའ་གསུམ་ནས་ལེ་པཱ་ནུན་གྱི་མངའ་ཁོངས་ལ་གནོད་སྐྱེལ་བཞིན་ཡོད་ཟེར།
ཀྲིན་ཀྲུའུ་ཏང་གིས་དབྱི་སི་རལ་གྱིས་འཇིགས་སྐུལ་གྱི་ཐབས་ལ་བརྟེན་ནས་ལེ་པཱ་ནུན་སྲིད་གཞུང་ལ་གནོན་ཤུགས་བྱིན་པར་སྐྱོན་འཛུགས་བྱས་པར་མ་ཟད། དབྱི་སི་རལ་ཕྱོགས་ཀྱིས་ཀྲིན་ཀྲུའུ་ཏང་གིས་དྲག་ཆས་བསྐྱུར་བ་དེ་སྐོར་ཐེངས་སགར་བའི་འཁྲུག་རྩོད་མཚམས་འཇོག་པའི་སྔོན་འགྲོའི་ཆ་རྐྱེན་དུ་བཏོན་པ་དང་ལེན་བྱེད་ཐབས་མེད་ཟེར། ཀྲིན་ཀྲུའུ་ཏང་གིས་བསྟན་དོན། ལེ་པཱ་ནུན་རྒྱལ་ནང་གི་ལས་དོན་དེ་ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་དབྱི་སི་རལ་གྱི་འཇིགས་ཉེན་འོག་སྤེལ་མི་རུང་ཟེར།
འཕྲིན་ཡིག་ལས་ད་རུང་དབྱི་སི་རལ་གྱིས་ལེ་པཱ་ནུན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ནུས་པ་འཕྲོག་ནས་བཙན་གྱིས་དབྱི་སི་རལ་ཕྱོགས་ཀྱི་ཁེ་ཕན་ལ་མགོ་སྒུར་དུ་འཇུག་འདོད་ཡོད་པའི་ཉེན་བརྡ་བཏང་།
ཉེ་སྔོན་དབྱི་སི་རལ་གྱིས་ལེ་པཱ་ནུན་ལྷོ་ཕྱོགས་ས་ཁུལ་དུ་དམག་དོན་ཆམ་ཕབ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་། ལེ་པཱ་ནུན་འཕྲོད་བསྟེན་པུའུ་ཡིས་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས6ཉིན་ལེ་པཱ་ནུན་དུ་བར་སྣང་འཇབ་རྒོལ་བྱས་ཏེ་མི1རྐྱེན་ལམ་དུ་ཤོར་བ་དང་། མི8ལ་རྨས་ཕོག་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།