
ཁུ་པཱའི་ཕྱི་འབྲེལ་བློན་ཆེན་ལོ་ཏི་ལི་ཀི་སི་ཡིས་ཚེས5ཉིན་སྨྱན་བྱད་ལ་རྩོམ་ཡིག་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཅཱ་ལེ་པུས་མཚོ་ཁོངས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་རྒྱལ་སྤྱིའི་མཚོ་ཁོངས་ནས་བསྟུད་མར་དུག་རྫས་ལྐོག་འཚོང་གྲུ་གཟིངས་ལ་དྲག་ཆས་ཆམ་ཕབ་བཏང་བར་རྒོལ་གཏམ་བཏང་བ་དང་། བྱ་སྤྱོད་དེ་ནི་ཁྲིམས་ལས་བརྒལ་བའི་ཆད་གཅོད་བྱ་སྤྱོད་ཅིག་རེད་ཟེར།
ལོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གི་བྱ་སྤྱོད་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགྲོ་མིའི་ཐོབ་ཐང་ལ་རྒྱབ་འགལ་དུ་སོང་ཡོད་ལ། བསྟུད་མར་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས། གཏན་འཇགས་བཅས་ལ་འཇིགས་ཉེན་ཐེབས་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཕྱོགས་གཅིག་ནས་ཁྲིམས་དང་འགལ་བའི་སྒོ་ནས་ཁྱད་པར་ཅི་ཡང་མེད་པར་དྲག་ཤུགས་བཀོལ་བ་དང་། ཕྱོགས་གཞན་ཞིག་ནས་ཁྲིམས་འགལ་གྱིས་ཨ་མེ་རི་ཁར་དུག་རྫས་ལྐོག་འཚོང་བྱེད་པའི་རྩ་བའི་གནད་དོན་ཐག་གཅོད་བྱེད་ཐུབ་མེད་ཟེར།
ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི་ཡིས་ཚེས4ཉིན་བཤད་རྒྱུར། སྲིད་འཛིན་ཐི་ལིང་ཕུའུ་ཡི་བཀའ་རྒྱ་ལྟར། ཨ་མེ་རི་ཁའི་དམག་དཔུང་གིས་ཉིན་དེར་ཞི་བདེ་རྒྱ་མཚོ་ཆེན་མོའི་ཤར་ངོས་ཀྱི་རྒྱལ་སྤྱིའི་མཚོ་ཁོངས་ནས་དུག་རྫས་ལྐོག་འཚོང་གྲུ་གཟིངས་ཤིག་ལ་ཆམ་ཕབ་དྲག་པོ་བཏང་སྟེ། གྲུ་སྟེང་གི་མི2བསད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།