ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་གྱི་མཐའ་མཚམས་ས་ཁུལ་དུ་ཡང་བསྐྱར་འཁྲུག་རྩོད་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

ཕཱ་ཁི་སི་ཐན་ལྷོ་ནུབ་ཕྱོགས་ཀྱི་པུས་ལུའུ་ཀྲི་ཞིང་ཆེན་གྱི་ཨ་ཧྥུའུ་ཧན་ལྷོ་ངོས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་དང་འབྲེལ་བའི་ས་ཁུལ་ནས་ཚེས6ཉིན་ཡང་བསྐྱར་འཁྲུག་རྩོད་བྱུང་སྟེ་མི་སྣར་ཤི་རྨས་ཐེབས།

ཕཱ་ཁི་སི་ཐན་དམག་ཕྱོགས་ཀྱི་འབྲེལ་ཡོད་མི་སྣས་ཚེས6ཉིན་གྱི་དགོང་མོར་གསར་འགོད་པར་བཤད་རྒྱུར། པུས་ལུའུ་ཀྲི་ཞིང་ཆེན་གྱི་ཅེ་མན་ས་ཁུལ་གྱི་ཕཱ་ཁི་སི་ཐན་གྱི་སོ་ལྟ་ཁང་ཞིག་ལ་ཉིན་དེར་ངེས་མེད་འཇབ་རྒོལ་ཐེབས་པ་དང་། ཕཱ་ཁི་སི་ཐན་གྱི་བདེ་འཇགས་དམག་དཔུང་གིས་མྱུར་མོར་རྒོལ་ལན་སྤྲད་དེ། ཕཱ་ཁི་སི་ཐན་ཕྱོགས་ཀྱི་གཡུལ་སའི་བདེ་འཇགས་ལ་འགན་སྲུང་བྱས་ཟེར། གནས་ཚུལ་ཤེས་མཁན་དེས་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གིས་ཐེངས་འདིའི་འཇབ་རྒོལ་ནི་ཨ་ཧྥུའུ་ཧན་དཔོན་ཕྱོགས་ཀྱི་བཀོད་འདོམས་ལ་མི་ཉན་པའི་དྲག་ཆས་ཚོགས་ཁག་ཅིག་གིས་ལག་བསྟར་བྱས་པ་རེད་ཟེར། འཁྲུག་རྩོད་བྱུང་རྗེས། ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་དང་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་མྱུར་མོར་མཐུན་སྦྱོར་བྱས་པས། གནས་བབ་ལ་མྱུར་མོར་ཚོད་འཛིན་བྱས་ཏེ་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱས་ཡོད་ཟེར།

གནས་ཚུལ་ཤེས་མཁན་དེས་བདེན་དཔང་བྱས་དོན། ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་ཕྱོགས་གཉིས་ཀྱིས་དེའི་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྔར་བཞིན་ནུས་ལྡན་ཡིན་ཟེར།

ཨ་ཧྥུའུ་ཧན་སྲིད་གཞུང་གི་མགྲིན་ཚབ་པ་མུའུ་ཅཱ་ཞེ་ཏི་ཡིས་ཉིན་དེར་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད5ཡས་མས་སུ། ཕཱ་ཁི་སི་ཐན་ཕྱོགས་ཀྱི་དམག་དཔུང་གིས་ཡང་བསྐྱར་ཁན་ཏཱ་ཧཱ་ཞིང་ཆེན་གྱི་སི་ཕེན་པུའུ་ཨར་ཏཱ་ཁི་གྲོང་རྡལ་ལ་འཇབ་རྒོལ་བྱས་པས་ཀུན་གྱིས་སེམས་ཁུར་བྱེད་བཞིན་ཡོད། ཁན་ཏཱ་ཧཱ་ཞིང་ཆེན་གྱི་ཨ་ཧྥུའུ་ཧན་བདེ་འཇགས་དམག་དཔུང་གིས་དེར་རྒོལ་ལན་སྤྲད་མེད། དེའི་རྒྱུ་མཚན་ནི་ཐུར་ཁེའི་དབྱི་སི་ཐན་པོར་དུ་སྤེལ་བཞིན་པའི་ཨ་ཧྥུའུ་ཧན་དང་ཕཱ་ཁི་སི་ཐན་གྱི་གྲོས་མོལ་ལ་བརྩི་འཇོག་བྱས་པ་ཡིན་ལ། ཞོར་དུ་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་ཆེད་ཡིན་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།