མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཨ་མེ་རི་ཁའི་དམག་དཔུང་གིས་དུག་རྫས་ལྐོག་འཚོང་གྲུ་གཟིངས་ལ་ཆམ་ཕབ་བཏང་བ་དེ་ཁྲིམས་འགལ་གྱི་དམར་གསོད་ཡིན་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པ་མང་བོས་ཉེ་སྔོན་ཨ་མེ་རི་ཁའི་དམག་དཔུང་གིས་ཅཱ་ལེ་པུས་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཤར་མའི་མཚོ་ཁོངས་ནས་བསྟུད་མར་དུག་རྫས་ལྐོག་འཚོང་གྲུ་གཟིངས་ལ་ཆམ་ཕབ་གཏོང་བའི་འགུལ་སྐྱོད་ལ་ཉེན་བརྡ་བཏང་བ་དང་། འགུལ་སྐྱོད་དེ་ནི་ཁྲིམས་འགལ་གྱིས་དམར་གསོད་བྱེད་པའི་ནག་ཉེས་བྱ་སྤྱོད་ཡིན་པར་འདོད།

ཆེད་མཁས་པས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གི་ཆམ་ཕབ་གཏོང་བའི་འགུལ་སྐྱོད་དེ་དག་ནི་ཨ་མེ་རི་ཁའི་སྲིད་གཞུང་གིས་བཀའ་རྒྱ་བཏང་ནས་ལག་བསྟར་བྱས་ཡིན་ལ། ལུགས་མཐུན་གྱི་ཁྲིམས་འཛིན་ལས་རིམ་བརྒྱུད་མེད། ཨ་མེ་རི་ཁས་འགུལ་སྐྱོད་དེ་དག་ནི་ཁྲིམས་འགལ་གྱིས་དུག་རྫས་ལྐོག་འཚོང་བྱེད་པའི་གྲུ་གཟིངས་དང་ཨ་མེ་རི་ཁས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་པའི་དུག་རྫས་ལྐོག་འཚོང་སྡེ་ཚོགས་ལ་དམིགས་པ་ཡིན་པར་བཤད་ཀྱང་། དེའི་ཁྲིམས་མཐུན་རང་བཞིན་ལ་དོགས་གཞི་ཡོད་པ་དང་ཁྲིམས་འགལ་གྱི་དམར་གསོད་ཡིན་ཟེར།

ཆེད་མཁས་པས་བཤད་རྒྱུར། འཇབ་རྒོལ་དེ་རྒྱལ་ཁབ་རང་སྲུང་དང་རྒྱལ་སྤྱིའམ་རྒྱལ་སྤྱི་མིན་པའི་དྲག་ཆས་འཁྲུག་རྩོད་ཀྱི་ཁོངས་སུ་མི་གཏོགས་ལ། མི་གཞན་པའི་ཚེ་སྲོག་ལ་འཇིགས་ཉེན་བཟོ་བའི་མི་སྣར་དམིགས་པ་ཡང་མིན་པས། ངོ་བོའི་ཐད་ནས་གང་འདོད་དུ་ཚེ་སྲོག་འཕྲོག་པའི་རྒྱལ་སྤྱིའི་འགྲོ་མིའི་ཐོབ་ཐང་བཅའ་ཁྲིམས་ལ་འགལ་ཡོད་པ་དང་། མཚོ་ཐོག་ནས་རྒྱུན་ཆད་མེད་པར་དཔུང་འཇུག་དང་དམར་གསོད་བྱས་པ་དེ་རྒྱལ་སྤྱིའི་རྒྱ་མཚོའི་བཅའ་ཁྲིམས་ལ་འགལ་ཡོད་ཟེར།

ཆེད་མཁས་པས་བལྟས་ན། ཨ་མེ་རི་ཁའི་དམག་དཔུང་གི་འཇབ་རྒོལ་དམིགས་ཡུལ་ནི་གྲུ་གཟིངས་ཆུང་བ་དག་ཡིན་ཞིང་། དཔུང་འཇུག་མ་བྱས་གོང་བཀག་འགོག་བྱེད་པའམ་གྲུ་གཟིངས་སྟེང་གི་མི་སྣ་འཛིན་བཟུང་བྱས་མེད་ལ། ཆམ་ཕབ་གཏོང་བའི་འགུལ་སྐྱོད་ཀྱི་བཅའ་ཁྲིམས་ཀྱི་གཞི་འཛིན་ས་ཡང་འདོན་སྤྲོད་བྱས་མེད་པས། རྒྱལ་སྤྱིའི་ནག་ཉེས་བྱ་སྤྱོད་དེ་རིགས་ལ་ཀུན་གྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ཟེར།

འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པས་ཨ་མེ་རི་ཁས་མྱུར་མོར་རིགས་དེ་མཚུངས་ཀྱི་འཇབ་རྒོལ་འགུལ་སྐྱོད་ཚང་མ་མཚམས་བཞག་སྟེ། ད་ལོའི་ཟླ9བའི་ཚེས2ཉིན་ཚུན་གྱི་འཇབ་རྒོལ་དོན་རྐྱེན་དག་ལ་ཕྱོགས་ཡོངས་ནས་དྲང་བདེན་གྱིས་རྟོག་ཞིབ་བྱེད་པ་དང་། གནོད་ཐེབས་མཁན་དང་དེའི་ཁྱིམ་མིར་དྲང་བདེན་དང་སྐྱིན་ཚབ་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས་པའི་སྐུལ་མ་བཏང་།


བསོད་ནམས་ཚེ་རིང་གིས་བསྒྱུར།