ཀུའུ་ཐི་ལོས་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་སུམ་ཅུ་བས་མགྱོགས་མྱུར་ངང་དངོས་འབེབས་བྱེད་པའི་ལོ་བཅུ་མགོ་རྩོམ་པར་རེ་བཞིན་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས6ཉིན་པེ་ལོན་ནམ་ཟླའི་རྩེ་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བསྟན་དོན། མི་འགྱངས་པར་བསྡུ་རྒྱུ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་ཕྱོགས་ཁག་གི་ཚོགས་ཆེན་ཐེངས་སུམ་ཅུ་བ་ནས་མགྱོགས་མྱུར་ངང་དངོས་འབེབས་བྱེད་པའི་ལོ་བཅུ་མགོ་རྩོམ་པར་རེ་བཞིན་ཡོད་ཟེར།

ཀུའུ་ཐི་ལོས་སི་ཡིས་གཏམ་བཤད་སྤེལ་སྐབས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་སོ་སོས་གོ་ལ་ཧྲིལ་བོའི་དྲོད་ཚད་ཇེ་མཐོར་སོང་བ་ལས་བྱུང་བའི་སྤྱི་ཚོགས་དང་དཔལ་འབྱོར་གྱི་མཇུག་འབྲས་ཚབས་ཆེན་ལ་མཐོང་ཆེན་བྱེད་དགོས་པའི་གསལ་བརྡ་བཏང་བར་མ་ཟད། རྒྱལ་ཁབ་སོ་སོས་མྱུར་དུ་འགུལ་སྐྱོད་སྤེལ་ནས་མིག་སྔའི་གཞན་དབང་གི་རྣམ་པ་བསྒྱུར་བར་བརྩོན་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་ནམ་ཟླ་ཇེ་དྲོར་སོང་བ་ལས་སྐྱེ་ཁམས་མ་ལག་ལ་གནོད་འཚེ་རང་བཞིན་གྱི་གནད་དོན་འབྱུང་སྲིད་ལ། མི་ཐེར་འབུམ་མང་བོའི་འཚོ་སྡོད་ཁོར་ཡུག་ཉམ་ཞན་དུ་སོང་ནས། ཞི་བདེ་དང་བདེ་འཇགས་ཀྱི་འཇིགས་ཉེན་ཇེ་ཆེར་འགྲོ་སྲིད་པའི་ཉེན་བརྡ་བཏང་། ཡིན་ཡང་གལ་ཏེ་ད་ལྟ་མྱུར་མོར་གཞི་རྒྱ་ཆེ་བའི་འགུལ་སྐྱོད་སྤེལ་ན། དྲོད་ཚད་ཀྱི་འཕར་ཚད་ཆེས་ཆུང་བའི་ཚད་དུ་ཚོད་འཛིན་བྱེད་པ་དང་རྒྱུན་མཐུད་ཡུན་ཚད་ཇེ་ཐུང་དུ་གཏོང་ཐུབ་པར་མ་ཟད། དུས་རབས་འདིའི་མཇུག་བར་དྲོད་ཚད་ཀྱི་འཕར་ཚད་དྲོད་གྲངས1.5ཡི་ནང་དུ་ཇེ་དམའ་རུ་གཏོང་ཐུབ་ཟེར།

ཁོས་བཤད་རྒྱུར། མ་འོངས་པའི་ལོ་ངོ་བཅུའི་ནང་དྲོད་རླངས་ཕྱིར་གཏོང་གི་ཚད་ལྡབ་འགྱུར་གྱིས་ཇེ་ཉུང་དུ་གཏོང་བ་དང་རྫས་འགྱུར་འབར་རྫས་བསྐྱུར་ནས། ནགས་ཚགས་དང་རྒྱ་མཚོ་སོགས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། 2050ལོའི་བར་གོ་ལ་ཧྲིལ་བོར་དྲོད་རླངས་ཕྱིར་གཏོང་མེད་པ་མངོན་འགྱུར་བྱས་ཤིང་། དེའི་རྗེས་སུ་མྱུར་མོར་བར་བརྒལ་དང་བསྟུད་མར་དྲོད་རླངས་ཕྱིར་གཏོང་མེད་པར་བྱེད་དགོས། དེའི་ཞོར་དུ་བབ་བསྟུན་རང་བཞིན་གྱི་འཛུགས་སྐྲུན་ཐད་ཀྱི་དངུལ་གཏོང་ལྡབ་འགྱུར་གྱིས་ཇེ་མང་དུ་བཏང་ནས། 2027ལོའི་སྔོན་ལ་དམངས་ཡོངས་ལ་སྔ་དུས་ཀྱི་ཉེན་བརྡ་གཏོང་དགོས་ཟེར།

ཀུའུ་ཐི་ལོས་སི་ཡིས་ནན་གྱིས་བསྟན་དོན། མིག་སྔར་ཆེས་གལ་ཆེ་བ་ནི་རྒྱལ་ཁབ་སོ་སོས་ལག་རྡང་སྦྲེལ་ནས་མདུན་སྐྱོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།