
ཐུར་ཁེའི་དབྱི་སི་ཐན་པོར་གྱི་དབུ་བཞུགས་ཞིབ་དཔྱོད་དཔོན་གཞུང་སྒྲུབ་ཁང་གིས་ཚེས7ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་བཅས་པའི་དོགས་ཡོད་ཉེས་ཅན37ལ་འཛིན་བཟུང་བཀའ་རྒྱ་བཏང་བ་དང་། ཁོ་ཚོས་ཅཱ་ཧྲ་ས་ཁུལ་ནས་རིགས་རྒྱུད་ཚར་གཅོད་དང་མིའི་རིགས་ལ་གནོད་པའི་ནག་ཉེས་བཟོས་པར་སྐྱོན་འཛུགས་བྱས།
དོགས་ཡོད་ཉེས་ཅན་དེ་དག་གི་གྲས་སུ་དབྱི་སི་རལ་སྲིད་གཞུང་གི་མཐོ་རིམ་དཔོན་པོ་རེ་འགའ་ཡང་འདུས། བསྒྲགས་པ་ལྟར་ན། དེའི་ནང་དབྱི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁཱ་ཚི་དང་དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གི་ཇུས་འདོན་དཔོན་ཀྲ་མུས་ཨར། རྒྱལ་ཁབ་བདེ་འཇགས་པུའུ་ཀྲང་པིན་ཀི་ཝེ་ཨར་སོགས་འདུས་ཡོད་ཟེར།
གསལ་སྒྲོག་ལས་བཤད་རྒྱུར། ཁོ་ཚོས་ཅཱ་ཧྲ་ས་ཁུལ་དང་གོ་ལ་ཧྲིལ་བོའི་སྲ་མཁྲེགས་གྲུ་གཟིངས་རུ་ཁག་ལ་དམིགས་པའི་འགུལ་སྐྱོད་ཁྲོད་མ་ལག་རང་བཞིན་ལྡན་པའི་སྒོ་ནས་འགྲོ་མིའི་ཐོབ་ཐང་ལ་གནོད་སྐྱེལ་བ་དང་། རིགས་རྒྱུད་ཚར་གཅོད་ཀྱི་ནག་ཉེས་བཟོས་ཡོད་པར་སྐྱོན་འཛུགས་བྱས་ཡོད་ཟེར།
གསལ་སྒྲོག་ལས་བསྟན་དོན། དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་སྣ་མང་བོར་ཤི་རྨས་ཐེབས་པ་དང་། རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་བཏང་ནས་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཚབས་ཆེན་བཟོས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།