
ཕཱ་ཁི་སི་ཐན་གྱི་རྒྱལ་སྲུང་བློན་ཆེན་ཨ་ཞི་ཧྥུའུ་ཡིས་ཚེས7ཉིན་བསྟན་དོན། ཕཱ་ཁི་སི་ཐན་དང་ཨ་ཧྥུའུ་ཧན་འཐུས་ཚབ་ཚོགས་པས་ཚེས6ཉིན་ནས་ཚེས7ཉིན་བར་ཐུར་ཁེའི་དབྱི་སི་ཐན་པོར་ནས་བསྡུས་པའི་སྐོར་ཐེངས་གསར་བའི་གྲོས་མོལ་མཇུག་སྒྲིལ་བ་དང་། ཕྱོགས་གཉིས་ཀྱིས་གྲོས་མཐུན་གང་ཡང་བཀོད་མེད་ལ། གྲོས་མོལ་དེ་དུས་ལ་ངེས་གཏན་མེད་པའི་དུས་རིམ་དུ་བསླེབས་ཡོད་ཟེར།
ཨ་ཞི་ཧྥུའུ་ཡིས་ཉིན་དེར་ཕཱ་ཁི་སི་ཐན་སྨྱན་བྱད་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་ཡིག་ཐོག་གི་གྲོས་མཐུན་དང་ལེན་བྱེད་འདོད་མེད་པ་དང་། ཨ་ཧྥུའ་ཧན་གྱི་འཐུས་ཚབ་ཚོགས་པས་ངག་ཐོག་གི་གྲོས་མཐུན་བརྩི་སྲུང་བྱེད་པའི་ཚུལ་བསྟན་ཡང་། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་བལྟས་ན་དམ་བཅའ་དེ་མངོན་འགྱུར་བྱེད་ཐབས་མེད་པར་འདོད།
ཨ་ཞི་ཧྥུའུ་ཡིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་དེའི་སྔོན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་སྔར་བཞིན་ནུས་ལྡན་ཡིན་ཡང་། གལ་ཏེ་ཨ་ཧྥུའུ་ཧན་ཕྱོགས་ཀྱིས་གྲོས་མཐུན་དང་འགལ་བའི་བྱ་སྤྱོད་སྤེལ་ན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་རྒོལ་ལན་འོས་འཚམ་སྤྲོད་ངེས་ཡིན་ཟེར།
ཕཱ་ཁི་སི་ཐན་གྱི་གསར་འགྱུར་དང་རྒྱང་སྒྲོག་པུའུ་ཀྲང་ཐཱ་ལཱ་ཨར་གྱིས་ཉིན་དེར་སྨྱན་བྱད་བརྒྱུད་ནས་གསལ་སྒྲོག་སྤེལ་ཏེ། ཐུར་ཁེ་དང་ཁཱ་ཐར་གྱིས་བར་འདུམ་ནུས་པ་བཏོན་པར་བཀའ་དྲིན་ཞུས་པ་དང་། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་དགོས་ངེས་ཀྱི་བྱེད་ཐབས་སྤྱད་ནས་རྒྱལ་ཁབ་རང་གི་མི་དམངས་དང་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།
ཐཱ་ལཱ་ཨར་གྱིས་བསྟན་དོན། ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་མི་དམངས་ལ་རྣམ་འགྱུར་བཟང་བོ་བཟུང་ཡོད་ལ། ཁོ་ཚོར་ཞི་བདེའི་མ་འོངས་པ་ལྡན་པར་རེ་བཞིན་ཡོད། དེའི་ཞོར་དུ་ཕཱ་ཁི་སི་ཐན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་གི་རྩ་དོན་དང་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་བཞིན་ཡོད་དེ། ཨ་ཧྥུའུ་ཧན་སྲིད་གཞུང་གིས་རང་མངའ་ཁོངས་ཀྱི་འཇིགས་སྐུལ་རིང་ལུགས་ལ་བཀག་འགོག་བྱེད་པའི་འགན་འཁྲི་ཡོད་ཟེར།
ཉིན་དེའི་དགོང་མོའི་བར། ཨ་ཧྥུའུ་ཧན་ཕྱོགས་ཀྱིས་སྐོར་ཐེངས་གསར་བའི་གྲོས་མོལ་ཐད་ནས་གནས་ཚུལ་གང་ཡང་སྤེལ་མེད།
བསོད་ནམས་ཚེ་རིང་གིས་བསྒྱུར།