ཧིན་རྡུ་ཉི་ཞི་ཡཱའི་རྒྱལ་སའི་དབྱི་སི་ལན་ཆོས་ཁང་ཞིག་ལ་འགས་གཏོར་བྱུང་ནས་མི54ལ་རྨས་ཕོག
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས7ཉིན་བདེན་དཔང་བྱས་དོན། རྒྱལ་ས་ཡཱ་ཅཱ་ཏཱའི་དབྱི་སི་ལན་ཆོས་ཁང་ཞིག་ལ་ཉིན་དེར་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི54ལ་རྨས་ཕོག་ཡོད་ཟེར།

ཡཱ་ཅཱ་ཏཱའི་ཉེན་རྟོག་ཕྱོགས་ཀྱིས་ཉིན་དེར་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསྟན་དོན། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འགས་གཏོར་དེ་གློག་ལམ་དང་གློག་རྡུལ་སྒྲིག་ཆས་ཀྱི་ཆག་སྐྱོན་ལ་འབྲེལ་བ་ཡོད་ལ། རྟོག་ཞིབ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

གཞན་ཡང་ས་དེའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། འགས་གཏོར་དེ་ཉིན་གུང་གི་དུས་ཚོད12དང་སྐར་མ30ཡས་མས་སུ་བྱུང་བ་དང་། ཏག་ཏག་ཕྱག་འཚལ་བའི་སྐབས་ལ་འཁེལ་ཡོད་ལ། རྨས་མ་དག་སྨན་ཁང་དུ་བསྐྱལ་ཡོད་ཟེར།

གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། འགས་གཏོར་དེ་དབྱི་སི་ལན་ཆོས་ཁང་གི་ཚོམས་ཆེན་ལྟག་རྒྱབ་ནས་བྱུང་བ་དང་། ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་འབྲེལ་ཡོད་ས་ཁོངས་བཀག་སྡོམ་བྱས་ཏེ། འགད་རྫས་གཏོར་ལེན་ཚན་ཆུང་གིས་དབྱི་སི་ལན་ཆོས་ཁང་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།