དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་མི་ཁྲི7ཙམ་རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 8

ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས8ཉིན་གསལ་སྒྲོག་སྤེལ་ཏེ། 2023ལོའི་ཟླ10བའི་ཚེས7ཉིན་སྐོར་ཐེངས་གསར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་བྱུང་བའི་ཚུན་ལ། དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ལས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི་དྲུག་དང་སྟོང་དགུ་ལྷག་ལ་བསླེབས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱིས་ཉིན་དེར་ཅཱ་ཧྲའི་དབུས་ཕྱོགས་ས་ཁུལ་ནས་མི་སེར་དཀྱུས་མར་འཇབ་རྒོལ་བྱས་ཏེ་མི1རྐྱེན་ལམ་དུ་ཤོར། འདས་པའི་དུས་ཚོད72ནང་། ཅཱ་ཧྲའི་ས་ཁུལ་སོ་སོའི་སྨན་ཁང་གིས་བསྡོམས་པས་བེམ་པོ10དང་ལེན་བྱས་པ་དང་། དེའི་ནང་དབྱི་སི་རལ་གྱི་བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི1དང་ཁང་བའི་ཞིག་རོའི་འོག་ནས་རྙེད་པའི་བེམ་པོ9འདུས་ཟེར།

ཉིན་དེའི་སྔ་དྲོར། ཅཱ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཁྱབ་བསྒྲགས་བྱས་དོན། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གིས་དབྱི་སི་རལ་ཕྱོགས་ཀྱིས་སྤྲད་པའི་ཕཱ་ལེ་སི་ཐན་གྱི་མིའི་བེམ་པོ15དང་ལེན་བྱས། མིག་སྔའི་བར་དུ་དབྱི་སི་རལ་ཕྱོགས་ཀྱིས་བརྒྱུད་སྤྲོད་བྱས་པའི་བེམ་པོའི་ཁ་གྲངས300ལ་བསླེབས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།