གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མོལ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྒོར་ཅོག་གླེང་སྟེགས་ཡའོ་ཧན་ནེ་སི་པའོ་ནས་བསྡུས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གྲོས་མོལ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གི་སྒོར་ཅོག་གླེང་སྟེགས་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་བསྡུས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆབ་སྲིད་ལས་རིགས་དང་། རིགས་གཞུང་ལས་རིགས། སྨྱན་བྱད་ལས་རིགས་བཅས་ནས་ཡོང་བའི་སྐུ་མགྲོན་བཅུ་ཕྲག་འགའ་ཡིས་གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་ལག་བསྟར་དང་། སྨྱན་བྱད་ཀྱི་ངེས་གནས། དེ་མིན་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་སོགས་གྲོས་གཞིའི་ཐད་ནས་བརྗེ་རེས་གཏིང་ཟབ་བྱས།

གོ་ལ་ཧྲིལ་བོའི་སྐབས་དོན་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲང་ཝེ་ཡིས་གཙོ་སྒྲུབ་ཕྱོགས་ཀྱི་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོའི་སྤུས་ཚོད་མཐོ་བའི་འཕེལ་རྒྱས་དང་། ནུས་མཐོའི་བཅོས་སྐྱོང་། ཆུ་ཚད་མཐོབའི་སྒོ་འབྱེད་བཅས་ཀྱིས་གོ་ལ་ཧྲིལ་བོའི་མིག་དབང་འཕྲོག་ཡོད། ཀྲུང་གོའི་རྒྱ་མཚོ་ལྟ་བུའི་དཔལ་འབྱོར་གྱི་གཞི་རྒྱ་དང་བསྟུན་ནུས། སྦས་ཤུགས་བཅས་དང་། ཀྲུང་གོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་པའི་ཡིད་ཆེས་དང་ཆོད་སེམས། ནུས་པ་བཅས་ཀྱིས་འཛམ་གླིང་གི་དཔལ་འབྱོར་ཞི་འཇགས་ཡོང་བར་བྱས་ཡོད་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་དེང་རབས་ཅན་གྱི་ཕུགས་འདུན་མཉམ་བསྐྲུན་བྱེད་པར་སྒུལ་ནུས་དང་གོ་སྐབས་གསར་བ་འདོན་ཐུབ་ངེས་རེད་ཟེར།

ཡའོ་ཧན་ནེ་སི་པའོ་སློབ་ཆེན་གྱི་སྤྱི་བའི་སྲིད་ཇུས་དང་ཨ་ཧྥེ་རི་ཁ་གླིང་གི་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཨིན་ཁཱ་ཝེ་ནེ་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། གོ་ལ་ཧྲིལ་བོའི་བཅོས་སྐྱོང་གྲོས་འདོན་བཏོན་པ་དེ་སྔར་ལས་དཀྱིལ་ཡངས་དང་འདྲ་མཉམ་རང་བཞིན་གྱི་རྒྱལ་སྤྱིའི་མ་ལག་སྒྲོམ་གཞི་འཛུགས་པར་ཕན་ཐོགས་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་མགོ་བ་ཐན་ཀྲན་ཕིན་གྱིས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་ཉི་ཤུ་པ་མི་འགྱངས་པར་ཡའོ་ཧན་ནེ་སི་པའོ་ནས་སྤེལ་རྒྱུ་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཤུགས་ཆེན་པོས་ཐེངས་འདིའི་རྩེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཨ་ཧྥེ་རི་ཁ་ལྷོ་མའི་བྱ་བར་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཡའོ་ཧན་ནེ་སི་པའོ་ཡི་རྩེ་ཚོགས་ནས་འཛམ་གླིང་ཉོ་ཚོང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་བྱེད་པའི་ཐད་འབོད་སྐད་ཆེན་པོ་འདོན་ནས། གོ་ལ་ཧྲིལ་བོའི་བཅོས་སྐྱོང་ཆེད་དུ་ཨ་ཧྥེ་རི་ཁ་གླིང་གི་ལག་རྗེས་མངོན་གསལ་འཇོག་ཐུབ་པར་རེ་བཞིན་ཡོད་ཟེར།

ཚོགས་ཞུགས་སྐུ་མགྲོན་དག་གིས་གཅིག་གྱུར་སྒོས་བལྟས་ན། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་མཉམ་ལས་ཁྲོད་ནས་སྟོབས་ཤུགས་གཅིག་སྒྲིལ་དང་། བརྗེ་རེས་ཁྲོད་ནས་རྒྱུས་ལོན་ཇེ་ཟབ་ཏུ་བཏང་ནས། གསར་གཏོད་ཁྲོད་ནས་མ་འོངས་བཞེངས་བསྐྲུན་བྱེད་དགོས། མཐུན་སྒྲིལ་རོགས་ལས་དང་ཐུན་མོང་འབོད་སྐད་ལ་བརྟེན་ན་ད་གཟོད་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གཏམ་རྒྱུད་འཛམ་གླིང་གི་ས་ཁོངས་སྔར་ལས་ཆེན་པོར་ཐོས་སུ་འཇུག་ཐུབ་ལ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རེ་འདོད་ལ་རྒྱལ་སྤྱིའི་གར་སྟེགས་སྟེང་དགོས་ངེས་ཀྱི་བརྩི་འཇོག་དང་ཨ་ལན་ཐོབ་ཏུ་འཇུག་ཐུབ་པར་འདོད།


བསོད་ནམས་ཚེ་རིང་གིས་བསྒྱུར།