
ཚོགས་ཡུན་ཉིན་གཉིས་ཡིན་པའི་པེ་ལོན་ནམ་ཟླའི་རྩེ་ཚོགས་ཚེས7ཉིན་གྲོལ་བ་དང་། གྲོས་ཚོགས་ནས་ལྟོགས་སྡུག་དང་དབུལ་ཕོངས། མི་གཞི་རྩར་བྱེད་པའི་ནམ་ཟླའི་འགུལ་སྐྱོད་ཀྱི་བསྒྲགས་གཏམ་ཞིག་ལ་གྲོས་འཆམ་བྱུང་།
ཀྲུང་གོ་དང་བཅས་པའི་རྒྱལ་ཁབ40ལྷག་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཉམ་དུ་བསྒྲགས་གཏམ་དེ་བཀོད་པ་དང་། དམིགས་ཡུལ་ནི་ལྟོགས་སྡུག་དང་དབུལ་ཕོངས་སོགས་ནམ་ཟླའི་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད་རེད།
བསྒྲགས་གཏམ་ལས་བཤད་རྒྱུར། ནམ་ཟླའི་འགྱུར་ལྡོག་དང་ཁོར་ཡུག་ཞན་འགྱུར། སྐྱེ་དངོས་སྣ་མང་ཅན་ཉམ་ཞན་དུ་སོང་བ་ལས་ལྟོགས་སྡུག་དང་དབུལ་ཕོངས། འབྲུ་རིགས་བདེ་འཇགས་མིན་པ་སོགས་ཀྱི་གནད་དོན་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། གནད་དོན་དེ་དག་གིས་འདྲ་མཉམ་མིན་པའི་སྣང་ཚུལ་ཇེ་སྡུག་ཏུ་བཏང་བ་དང་། འཚོ་སྡོད་ལ་འཇིགས་ཉེན་ཐེབས་ཡོད་པར་མ་ཟད། དབུལ་ཕོངས་དང་ཉམ་ཞན་གྱི་གནས་སུ་ལྷུང་བའི་མི་རྣམས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་ཟེར།
བསྒྲགས་གཏམ་ལས་ཕྱོས་སོ་སོས་མུ་མཐུད་དུ་ནམ་ཟླའི་འགྱུར་ལྡོག་ཞི་འཇགས་སུ་གཏོང་བའི་བྱེད་ཐབས་ཐད་མ་དངུལ་གཏོང་དགོས་པ་དང་། ཁྱད་པར་དུ་སྤྱི་ཚོགས་སྲུང་སྐྱོབ་དང་ཞིང་ལས་ལོ་ཏོག་གི་ཉེན་ཚབ་སོགས་མི་གཞི་རྩར་བྱེད་པའི་སྡེ་ཁུལ་གྱི་བབ་བསྟུན་ནུས་པ་ཇེ་དྲག་ཏུ་གཏོང་བའི་བྱེད་ཐབས་ལ་མཐོང་ཆེན་བྱེད་དགོས་པའི་འབོད་སྐུལ་བཏང་།
བསྒྲགས་གཏམ་ལས་ད་རུང་མི་གཞི་རྩར་བྱེད་པའི་ནམ་ཟླའི་དངུལ་བསྡུའི་ཐག་གཅོད་ཇུས་གཞི་བཏོན་པ་དང་། ནམ་ཟླའི་བསྡུ་དངུལ་ལས་གཙོ་བོ་ཞིང་བ་དང་སྲོལ་རྒྱུན་སྡེ་ཁུལ། ནགས་ཚལ་སྡོད་དམངས་བཅས་ལ་ལས་ཞུགས་དང་འཚོ་སྡོད་ཀྱི་གོ་སྐབས་བསྐྲུན་དུ་འཇུག་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།