
བྱང་ཁོ་རེ་ཡཱའི་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་ཚེས8ཉིན་བསྒྲགས་པ་ལྟར་ན། བྱང་ཁོ་རེ་ཡཱའི་རྒྱལ་སྲུང་བློན་ཆེན་ནོའུ་ཀོང་ཐིས་ཀྱིས་ཚེས7ཉིན་གཏམ་བཤད་སྤེལ་ཏེ། ཨ་མེ་རི་ཁའི་དམག་དཔུང་གིས་ཉེ་ལམ་བྱང་ཁོ་རེ་ཡཱའི་བདེ་འཇགས་ལ་འཇིགས་སྐུལ་བྱེད་པའི་དམག་དོན་འགུལ་སྐྱོད་སྤེལ་ནས་བསམ་བཞིན་དུ་ས་ཁུལ་གྱི་ཆབ་སྲིད་དམག་དོན་གྱི་ཛ་དྲག་གནས་བབ་ཇེ་སྡུག་ཏུ་བཏང་བར་རྒོལ་གཏམ་བཏང་བ་དང་། བྱང་ཁོ་རེ་ཡཱ་ཕྱོགས་ཀྱིས་འཇིགས་སྐུལ་དེར་བྱེ་བྲག་གི་དཔུང་འཇུག་རང་བཞིན་གྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
གཏམ་བཤད་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ལྷོ་ཁོ་རེ་ཡཱའི་རང་དབང་དར་ཆ་ཞེས་པའི་མཉམ་འབྲེལ་མཁའ་དམག་གི་སྦྱོང་བརྡར་སྤེལ་སྐབས། ཨ་མེ་རི་ཁའི་ཆའོ་ཀྲི་ཝ་ཧྲིན་ཐོན་རྟགས་ཅན་གྱི་ཉིང་ནུས་སྒུལ་ཤུགས་ཅན་གྱི་གནམ་གྲུ་འབབ་སའི་གྲུ་གཟིངས་ཚོགས་པ་བཀོད་སྒྲིག་བྱས་ཏེ། ཕྱེད་གླིང་གི་གནས་བབ་སྔར་ལས་ཛ་དྲག་ཏུ་བཏང་ཡོད་ཟེར།
གཏམ་བཤད་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ལྷོ་ཁོ་རེ་ཡཱའི་དམག་ཕྱོགས་ཀྱི་མགོ་ཁྲིད་པ་དེའི་སྔོན་བྱང་ཁོ་རེ་ཡཱ་དང་ལྷོ་ཁོ་རེ་ཡཱའི་མཐའ་མཚམས་ཡོང་བ་དང་། ཕྱོགས་གཉིས་ཀྱིས་ད་རུང་ལོ་ཧྲིལ་བོའི་བདེ་སྲུང་གྲོས་ཚོགས་བསྡུས་ཏེ། བྱང་ཁོ་རེ་ཡཱ་ལ་དམིགས་པའི་ཟིལ་ཤུགས་ཇེ་ཆེར་གཏོང་བ་དང་གང་མགྱོགས་སྒོས་ཉིང་རྡུལ་ནུས་པའི་རྒྱུན་སྲོལ་དྲག་ཤུགས་གཅིག་བསྡུས་ལེགས་སྒྲིག་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ཐད་ནས་གསང་བའི་གྲོས་མོལ་བྱས། གོང་གི་བྱ་སྤྱོད་དེ་ལས་བྱང་ཁོ་རེ་ཡཱ་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་བསམ་སྦྱོར་ངོ་མ་དང་དགྲར་འཛིན་གཡོ་ཇུས་མངོན་སུམ་དུ་མངོན་ཡོད་ཟེར།
གཏམ་བཤད་ལས་བཤད་རྒྱུར། བྱང་ཁོ་རེ་ཡཱ་ཕྱོགས་ཀྱིས་ཁ་གཏད་འཇལ་བའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཅིང་། བདེ་འཇགས་འགན་སྲུང་དང་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་རྩ་དོན་གཞིར་བཟུང་ནས། དགྲ་ཡའི་འཇིགས་སྐུལ་ལ་བྱེ་བྲག་གི་དཔུང་འཇུག་རང་བཞིན་གྱི་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།