
ཕན་ཚུན་སློབ་སྦྱོང་དཔེར་ལེན་དང་མཉམ་ལས་གསར་གཏོད་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་བརྗེ་རེས་ཀྱི་མ་འོངས་པའི་ལོ་བཅུར་རྒྱང་བལྟ་བྱེད་ཅེས་པ་བརྗོད་སྙིང་ཡིན་པའི་སྐབས་བཅུ་གཅིག་པའི་ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་བརྗེ་རེས་ཚེས9ཉིན་འཇར་པན་ཏུང་ཅིན་ནས་སྤེལ། ཀྲུང་གོ་དང་འཇར་པན་གྱི་མཐོ་རིམ་སློབ་གྲྭ་དང་མཐོ་འབྲིང་སོགས་སློབ་གསོའི་ལས་ཁུངས་བརྒྱ་ཕྲག་ལྷག་ནས་ཡོང་བའི་འཐུས་མི་དང་། སློབ་གསོའི་ལས་རིགས་ཀྱི་མི་སྣ་སྟོང་ཕྲག་ཙམ་ལྷན་དུ་འཛོམས་ནས། མཉམ་དུ་མ་འོངས་པའི་ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་མཉམ་ལས་ཀྱི་ཁ་ཕྱོགས་གསར་བར་གྲོས་བསྡུར་བྱས།
འཇར་པན་དུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲའོ་པའོ་ཀང་གིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཀྲུང་གོ་དང་འཇར་པན་གྱི་སློབ་གསོའི་བརྗེ་རེས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རྨང་གཞིའི་རང་བཞིན་དང་ཡུན་ཕན་རང་བཞིན་གྱི་ནུས་པ་འདོན་བཞིན་ཡོད། མིག་སྔར་ཀྲུང་གོའི་ཕྱི་འགྲིམ་སློབ་མ་འབུམ་གཅིག་དང་ཁྲི་གསུམ་ཙམ་གྱིས་འཇབ་པན་དུ་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། འཇར་པན་རྒྱལ་ཡོངས་སུ་རྒྱ་ཡིག་གི་སློབ་ཁྲིད་ཡོད་པའི་མཐོ་འབྲིང600ལས་བརྒལ་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་སློབ་ཆེན་བར་མཉམ་ལས་གྲོས་མཐུན་བཀོད་པ་སྟོང་དགུ་ལྷག་ཡོད། ཐེངས་འདིའི་གོ་སྐབས་དང་བསྟུན་ནས། སློབ་གསོའི་བརྗེ་རེས་ལ་དུས་རབས་གསར་བར་གསོན་ཤུགས་སྔར་ལས་ཆེན་པོ་རྒྱས་པར་བྱས་ཏེ། ཀྲུང་གོ་དང་འཇར་པན་གྱི་ཡུན་རིང་འཕེལ་རྒྱས་ཐད་སྒུལ་ཤུགས་སྔར་ལས་ཆེན་པོ་འདོན་དགོས་ཟེར།
ཏུང་ཅིང་སློབ་ཆེན་གྱི་ལས་འཛིན་པ་གཞོན་པ་ཧྲན་པིན་ཀོས་ཧྲི་ཡིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ན་གཞོན་སློབ་མ་དག་ལ་འཛམ་གླིང་ལ་ཁ་ཕྱོགས་པའི་གོ་སྐབས་སྔར་ལས་མང་བོ་བསྐྲུན་པ་དང་། རྒྱལ་ཁོངས་བརྒལ་བའི་སློབ་སྦྱོང་དང་བརྗེ་རེས་བརྒྱུད་དེ་རིག་གཞུང་ཐད་ནས་མཐོང་རྒྱ་བསྐྱེད་དགོས་ལ། ཞོར་དུ་རིག་གནས་བར་གྱི་རྒྱུས་ལོན་དང་འབྲེལ་འདྲིས་ལའང་སྐུལ་འདེད་གཏོང་དགོས་ཟེར། ཁོས་བཤད་རྒྱུར། བསམ་བློའི་བྱེད་ཐབས་སྣ་མང་ཅན་ལ་རྒྱུས་ལོན་བྱེད་པ་དེ་ན་གཞོན་གྱི་རྒྱུ་ནོར་རྩ་ཆེན་དུ་འགྱུར་བར་བྱེད་དགོས་ཟེར།
བརྗེ་རེས་ཚོགས་འདུའི་སྐབས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་ད་རུང་སློབ་གསོའི་རྒྱལ་སྤྱི་ཅན་དང་འཇོན་མིའི་གསོ་སྦྱོང་། སློབ་གྲྭའི་བར་གྱི་མཉམ་ལས་སོགས་བརྗོད་སྙིང་ཐད་ནས་ཀྲུང་གོ་དང་འཇར་པན་སློབ་ཆེན་གྱི་སློབ་གཙོའི་གླེང་སྟེགས་དང་། ཀྲུང་གོ་དང་འཇར་པན་གྱི་རྨང་གཞིའི་སློབ་གསོའི་གླེང་སྟེགས། ཀྲུང་གོ་དང་འཇར་པན་གྱི་ལས་རིགས་སློབ་གསོའི་བརྗེ་རེས་ཚོགས་འདུ་སོགས་ཡན་ལག་གླེང་སྟེགས་ལྔ་སྤེལ་བར་མ་ཟད། ཀྲུང་གོ་དང་འཇར་པན་གྱི་འབྲེལ་ཡོད་སློབ་གྲྭ་མང་བོའི་བར་མཉམ་ལས་ཆིངས་ཡིག་འགོད་པའི་མཛད་སྒོ་སྤེལ།
སྐབས་འདིའི་བརྗེ་རེས་ཚོགས་འདུ་ནི་ཀྲུང་གོའི་སློབ་གསོའི་རྒྱལ་སྤྱིའི་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་གོ་དང་འཇར་པན་གྱི་རིག་གནས་བརྗེ་རེས་ལྟེ་གནས་དང་འཇར་པན་ཀྲུང་དབྱང་སློབ་ཆེན་གྱིས་མཉམ་འབྲེལ་སྒོས་སྒྲུབ་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།