ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁ་ཕྱོགས་ཀྱིས་ཉིང་རྡུལ་ནུས་པའི་ཚོད་ལྟ་སླར་གསོ་བྱེད་པའི་གཏམ་བཤད་ལ་གསལ་བཤད་གསལ་བོ་བྱེད་པར་སྒུག་ཡོད་པའི་ཚུལ་བསྟན།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཐཱ་སི་གསར་འགྱུར་ཁང་གིས་ཚེས9ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཉེ་སྔོན་ཉིང་རྡུལ་ནུས་པའི་ཚོད་ལྟ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་གཏམ་བཤད་དེའི་ཐད་ནས་གསལ་བཤད་གསལ་བོ་བྱེད་པར་སྒུག་ཡོད་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བསྟན་དོན། ཐི་ལིང་ཕུའུ་ཡི་གཏམ་བཤད་ལས་མི་རྣམས་ལ་ཨ་མེ་རི་ཁས་ཅང་མི་འགོར་བའི་མ་འོངས་པར་ཉིང་རྡུལ་ནུས་པའི་ཚོད་ལྟ་མགོ་རྩོམ་རྩིས་ཡོད་པའི་བག་ཆགས་ཤིག་བཞག་ཡོད་ཟེར། ཁོས་ནན་གྱིས་བསྟན་དོན། ཡོད་ཚད་ཉན་པ་ཙམ་གྱིས་མི་འགྱངས་པའི་མ་འོངས་པར་ཨ་མེ་རི་ཁས་ཉིང་རྡུལ་ནུས་པའི་ཚོད་ལྟ་བྱེད་སྲིད་པ་ཧ་ཅང་མངོན་གསལ་རེད། དོན་དེར་ཨུ་རུ་སིའི་ཕྱོགས་ཀྱིས་དག་འབུད་བྱེད་དགོས། ཉིང་རྡུལ་ནུས་པའི་ཚོད་ལྟའི་གནད་དོན་ནི་གཟབ་ནན་གྱི་དོན་ཞིག་ཡིན་དང་། དེར་འབྲེལ་གྱི་གཏམ་བཤད་ཀྱང་མག་མོག་ཡིན་མི་རུང་ཟེར།

ཕའེ་སི་ཁི་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་སྲིད་འཛིན་ཕུའུ་ཅིན་གྱིས་ཐད་ཀར་དུ་ཉིང་རྡུལ་ནུས་པའི་ཚོད་ལྟ་བྱེད་མགོ་རྩོམ་པའི་བཀའ་རྒྱ་བཏང་མེད། གལ་ཏེ་རྒྱལ་ཁབ་གཞན་པས་ཉིང་རྡུལ་ནུས་པའི་ཚོད་ལྟར་ངོ་རྒོལ་བྱེད་པའི་བཀག་རྒྱ་དང་འགལ་བའི་བྱ་སྤྱོད་སྤེལ་ནས། ཨུ་རུ་སིའི་ཕྱོགས་ཀྱིས་དེར་མཚུངས་ཀྱི་བྱེད་ཐབས་སྤྱད་ནས་འཐབ་ཇུས་དོ་མཉམ་ལ་སྲུང་སྐྱོབ་མི་བྱེད་ཐབས་མེད་ཡིན་ཟེར།

ཐི་ལིང་ཕུའུ་ཡིས་ཟླ10བའི་ཚེས30ཉིན་དྲ་ཚིགས་བརྒྱུད་དེ་བསྟན་དོན། རྒྱལ་ཁབ་གཞན་པས་ཉིང་རྡུལ་ནུས་པའི་ཚོད་ལྟ་སྤེལ་བཞིན་ཡོད་པའི་དབང་གིས་ཁོས་ཟུར་ལྔའི་ཐོག་ཁང་ཆེན་མོས་མྱུར་མོར་དེར་མཚུངས་ཀྱི་ཉིང་རྡུལ་མཚོན་ཆའི་ཚོད་ལྟ་མགོ་རྩོམ་དགོས་པའི་བཀའ་རྒྱ་བཏང་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།