
ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་ཚེས9ཉིན་ཉེན་བརྡ་བཏང་སྟེ། གལ་ཏེ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་གཏོར་བརླག་ཐེབས་ན། ཧུའུ་སེ་དྲག་ཆས་པས་དབྱི་སི་རལ་ལ་འཇབ་རྒོལ་བྱེད་པའི་བྱ་བ་སླར་གསོ་བྱེད་རྒྱུ་མ་ཟད། དབྱི་སི་རལ་གྱི་གྲུ་གཟིངས་དག་མཚོ་དམར་དང་ཨ་རབ་མཚོ་ཁོངས་སུ་འགྲུལ་བཞུད་བྱེད་པར་གཏན་འགོག་བྱེད་རྒྱུ་ཡིན་ཟེར།
ཧུའུ་སེ་དྲག་ཆས་པས་ཚོད་འཛིན་བྱེད་པའི་མཱ་ཞི་ལཱ་བརྙན་འཕྲིན་ཁང་གིས་བསྒྲགས་པ་ལྟར་ན། ཧུའུ་སེ་དྲག་ཆས་པའི་སྤྱི་ཁྱབ་ཇུས་འདོན་དཔོན་མེད་ཏཱ་ནེ་ཡིས་ཉིན་དེར་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་ཁོངས་སུ་གཏོགས་པའི་དྲག་ཆས་ཕྱོགས་ཁག་ཁཱ་སིང་སྟོང་ཤོག་གི་བཀོད་འདོམ་པུའུ་ལ་བསྐུར་བའི་འཕྲིན་ཡིག་ཅིག་གི་ནང་གོང་གི་བསམ་ཚུལ་དེ་བསྟན་ཡོད། མེད་ཏཱ་ནེ་ཡིས་བཤད་རྒྱུར། ང་ཚོས་གནས་བབ་ཀྱི་འཕེལ་རྒྱས་ལ་དོ་སྣང་ཟབ་མོ་བྱས་ཡོད། གལ་ཏེ་དགྲ་བོས་ཅཱ་ཧྲ་ལ་དམིགས་པའི་དཔུང་འཇུག་སླར་གསོ་བྱས་ན། ང་ཚོས་དབྱི་སི་རལ་ས་ཁོངས་ཀྱི་དམག་དོན་འགུལ་སྐྱོད་སླར་གསོ་བྱེད་རྒྱུ་མ་ཟད། ཡང་བསྐྱར་དབྱི་སི་རལ་གྱི་མཚོ་དམར་དང་ཨ་རབ་མཚོ་ཁོངས་ཀྱི་མཚོ་ཐོག་སྐྱེལ་འདྲེན་ལ་བཀག་སྡོམ་བྱེད་རྒྱུ་ཡིན་པ་ཁྱབ་སྒྲོག་བྱས་པ་ཡིན་ཟེར།
འཕྲིན་ཡིག་དེ་ནི་ཁཱ་སིང་སྟོང་ཤོག་གི་མྱ་ངན་ཞུ་ཡིག་གི་འཕྲིན་ལན་ཡིན། ཁཱ་སིང་སྟོང་ཤོག་གིས་དེའི་སྔོན་ཧུའུ་སེ་དྲག་ཆས་པའི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཅཱ་མཱ་ལི་ཟླ8པར་དབྱི་སི་རལ་གྱིས་ཡེ་མིན་གྱི་རྒྱལ་ས་སཱ་ནཱ་རུ་བར་སྣང་འཇབ་རྒོལ་བྱེད་སྐབས་རྐྱེན་ལམ་དུ་ཤོར་བར་མྱ་ངན་ཞུས།
མེད་ཏཱ་ནེ་ཟླ་སྔོན་མར་ཧུའུ་སེ་དྲག་ཆས་པའི་སྤྱི་ཁྱབ་ཇུས་འདོན་དཔོན་པོར་བསྐོ་འཇོག་བྱས་ཏེ། བར་སྣང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཅཱ་མཱ་ལིའི་ཚབ་ཏུ་འགན་ཁུར་བ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།