ཧྥེ་ལེ་པེན་དུ་རིམ་འདས་དྲག་རླུང་རྨ་བྱ་ཞེས་པའི་འཇབ་རྒོལ་ཐེབས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཧྥེ་ལེ་པེན་གནམ་གཤིས་སྡེ་ཁག་གིས་ཚེས9ཉིན་གྱི་དགོང་མོར་བསྒྲགས་པ་ལྟར་ན། རིམ་འདས་དྲག་རླུང་རྨ་བྱ་ཞེས་པ་ཉིན་དེའི་དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཅུའི་སྟེང་ཧྥེ་ལེ་པེན་བྱང་ངོས་ཀྱི་ལོས་སུང་གླིང་ཕྲན་གྱི་ཨོ་ལོ་ལཱ་ཞིང་ཆེན་ཏིས་ནཱ་ལོན་ཀན་གྲོང་རྡལ་ནས་སྐམ་སར་བུད་ཟེར།

ཧྥེ་ལེ་པེན་གྱི་གནམ་གཤིས་སྡེ་ཁག་གིས་བཤད་རྒྱུར། དྲག་རླུང་སྐམ་སར་བུད་རྗེས་ཧྥེ་ལེ་པེན་གྱི་ལོས་སུང་གླིང་ཕྲན་བྱང་ངོས་ཀྱི་རི་ཁུལ་བརྒྱུད་སྲིད་པ་དང་། ཚོད་དཔག་བྱས་ན། ཚེས10ཉིན་གྱི་སྔ་དྲོར་ལིན་ཅཱ་ཡན་མཚོ་ཁུགས་དང་པང་ཨ་ཞི་ནན་ཞིང་ཆེན། ལཱ་ཝུའུ་ནེ་ཝུན་ཞིང་ཆེན་བཅས་ཀྱི་མཚོ་འགྲམ་མཚོ་ཁོངས་སུ་བསླེབས་སྲིད། ལོས་སུང་གླིང་ཕྲན་གྱི་རྙོག་འཛིང་ཆེ་བའི་ས་བབ་ཀྱི་ཤུགས་རྐྱེན་ལས་དྲག་རླུང་དེའི་ནུས་པ་མངོན་གསལ་གྱིས་ཇེ་ཞན་དུ་འགྲོ་སྲིད་ཀྱང་། ལོས་སུང་གླིང་ཕྲན་བརྒྱུད་སྐབས་སྔར་བཞིན་དྲག་རླུང་གི་རིམ་པ་སྲུང་འཛིན་བྱས་ཡོད་ཟེར།

ཧྥེ་ལེ་པེན་དམངས་སྲུང་གཞུང་སྒྲུབ་ཁང་དང་ས་དེའི་སྨྱན་བྱད་ཀྱིས་ཚེས9ཉིན་བསྒྲགས་པའི་གནས་ཚུལ་ལ་གཞིགས་ནས། རྨ་བྱ་ཞེས་པའི་དྲག་རླུང་དེ་ཧྥེ་ལེ་པེན་དུ་མ་བུད་གོང་། ཧྥེ་ལེ་པེན་ནས་ཉུང་མཐར་ཡང་མི2རྐྱེན་ལམ་དུ་ཤོར་བ་དང་། རྒྱལ་ཡོངས་ནས་མི་ས་ཡ་གཅིག་དང་འབུམ་གཅིག་ཙམ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།