ནེའུ་ཙེ་ལན་གྱི་ཐང་ཀ་ལི་ལོ་རྒྱལ་ཁབ་སྤྱི་གླིང་དུ་ནགས་ཚལ་མེ་སྐྱོན་བྱུང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

ནེའུ་ཙེ་ལན་མེ་ཟོན་འཕྲལ་བསྟུན་སྡེ་ཁག་གིས་ཚེས9ཉིན་བསྟན་དོན། རྒྱལ་ཁབ་དེའི་ཐང་ཀ་ལི་ལོ་རྒྱལ་ཁབ་སྤྱི་གླིང་དུ་ནགས་ཚལ་མེ་སྐྱོན་བྱུང་བ་དང་། མེ་སྐྱོན་བྱུང་བའི་རྒྱ་ཁྱོན་ཀུང་ཆིང་གཅིག་སྟོང་བརྒྱད་བརྒྱར་བསླེབས་ཟེར།

ནེའུ་ཙེ་ལན་མེ་ཟོན་འཕྲལ་བསྟུན་སྡེ་ཁག་ལ་ཚེས8ཉིན་གྱི་ཕྱི་དྲོར་མེ་སྐྱོན་བྱུང་བའི་ཉེན་བརྡ་འབྱོར། མིག་སྔར་ད་རུང་མེ་སྐྱོན་དེར་ནུས་ལྡན་གྱིས་ཚོད་འཛིན་ཐུབ་མེད་པ་དང་། མེ་གསོད་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། མེ་སྐྱོན་དེ་ལས་མི་སྣར་ཤི་རྨས་དང་ཁང་བར་གཏོར་བརླག་ཐེབས་པའི་སྙན་ཞུ་བསྒྲགས་འབྱོར་མེད། འབྲེལ་ཡོད་སྡེ་ཁག་གིས་སྤྱི་གླིང་ནང་གི་ཡུལ་སྐོར་བ་དང་དེར་འབྲེལ་མི་སྣ་བདེ་འཇགས་ས་ཁུལ་དུ་བསྐྱལ་ཡོད།

མེ་ཟོན་འཕྲལ་བསྟུན་སྡེ་ཁག་གིས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་མེ་སྐྱོན་གྱི་ཤུགས་རྐྱེན་དབང་གིས་ཐང་ཀ་ལི་ལོ་རྒྱལ་ཁབ་སྤྱི་གླིང་ནང་གི་མིང་དུ་གྲགས་པའི་ཐང་ཀ་ལི་ལོ་རྐང་ལམ་དང་ཉེ་འཁོར་ས་ཁོངས་བཀག་སྡོམ་བྱས་ཡོད་པ་དང་། སྤྱི་གླིང་དུ་བགྲོད་སའི་རྒྱལ་ལམ་ཨང47པའི་ལམ་དུམ་སྐོར་ཞིག་བཀག་སྡོམ་བྱས་ཡོད་ལ། མེ་སྐྱོན་བྱུང་སའི་ས་ཁོངས་དེར་གནམ་གྲུ་འཕུར་བ་གཏན་འགོག་བྱེད་པའི་བྱེད་ཐབས་ལག་བསྟར་བྱས་ཡོད་ཟེར།

མེ་སྐྱོན་དེའི་འབྱུང་རྐྱེན་མིག་སྔར་ད་རུང་གསལ་བོར་མི་ཤེས་པ་དང་། མེ་ཟོན་སྡེ་ཁག་དང་ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱེད་བཞིན་པའི་སྒང་རེད།

ཐང་ཀ་ལི་ལོ་རྒྱལ་ཁབ་སྤྱི་གླིང་གི་རྒྱ་ཁྱོན་ཀུང་ཆིང་ཁྲི8ཙམ་ཡོད་ལ། གོ་ལ་ཧྲིལ་བོའི་མིང་གྲགས་ཆེ་བའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཅིག་ཡིན་པ་དང་། འཛམ་གླིང་རིག་གནས་དང་རང་བྱུང་གི་ཤུལ་བཞག་ཀྱང་ཡིན་པ་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།