མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་པེ་ལོན་ཚོགས་ཆེན་མགོ་བརྩམས་པ་དང་མཉམ་ལས་ལ་བརྟེན་ནས་ནམ་ཟླའི་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་བ་ཚེས10ཉིན་པཱ་ཞིའི་ནུབ་བྱང་ཕྱོགས་ཀྱི་པེ་ལོན་གྲོང་ཁྱེར་ནས་ཚོགས་མགོ་བརྩམས། སྐབས་འདིའི་ཚོགས་ཆེན་ནས་ནམ་ཟླའི་གྲོས་གཞི་གལ་ཆེན་མང་བོ་གནད་སར་བཟུང་ཡོད་པ་དང་། འཛམ་གླིང་ཡོངས་ཀྱིས་ལག་རྡང་སྦྲེལ་ནས་ནམ་ཟླའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐུན་མོང་ཐག་གཅོད་ཇུས་གཞི་འཚོལ་ཞིབ་བྱེད་དགོས་ལ། དྲོད་རླངས་ཕྱིར་འདོན་ཇེ་ཉུང་དུ་གཏོང་བ་དང་། ནམ་ཟླའི་བབ་བསྟུན་ནུས་པ་ཇེ་དྲག་ཏུ་བཏང་སྟེ། དཀྱེལ་ཡངས་དང་དྲང་བདེན་གྱི་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

ཉིན་དེའི་སྔ་དྲོར། སྐབས་སྔོན་མའི་ཚོགས་ཆེན་ཀྲུའུ་ཞི་པཱ་པཱ་ཡེ་ཧྥུའུ་ཡིས་ཚོགས་ཆེན་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་པར་མ་ཟད། གྲོས་རིམ་གཞིར་བཟུང་སྟེ་པཱ་ཞིའི་ཕྱི་འབྲེལ་དཔོན་པོ་སྐད་གྲགས་ཅན་ཏའོ་ལཱ་ཀི་ཡིས་སྐབས་གསར་བའི་ཚོགས་ཆེན་གྱི་ཀྲུའུ་ཞིའི་འགན་ཁུར་བ་ཁྱབ་བསྒྲགས་བྱས། ཏའོ་ལཱ་ཀི་ཡིས་བསྟན་དོན། ཕྱོགས་མང་རིང་ལུགས་ནི་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་བྱེད་པའི་ཡང་དག་པའི་བགྲོད་ལམ་ཡིན་པ་བསྙོན་མེད་ཡིན་པས། ཐེངས་འདིའི་ཚོགས་ཆེན་ནས་ནམ་ཟླའི་འགུལ་སྐྱོད་དེ་དཔལ་འབྱོར་བྱ་འགུལ་དང་ལས་ཞུགས་གསར་བསྐྲུན་ནང་འདྲེས་པར་བྱས་ཏེ། འགུལ་སྐྱོད་དངོས་འབེབས་བྱེད་པའི་ཚོགས་ཆེན་རྣལ་མ་ཞིག་ཏུ་འགྱུར་བར་རེ་བཞིན་ཡོད་ཟེར།

སྐབས་འདིའི་ཚོགས་ཆེན་གྱི་གཙོ་གནད་ཅིག་ནི་སྐོར་ཐེངས་གསར་བའི་རྒྱལ་ཁབ་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་ཡིན་པ་དང་། ཕཱ་རེ་སིའི་གྲོས་ཆོད་གཞིར་བཟུང་ན། རྒྱལ་ཁབ་སོ་སོས་ད་ལོར་སྤོབས་སེམས་སྔར་ལས་ཆེ་བའི་སྐོར་ཐེངས་གསར་བའི་རྒྱལ་ཁབ་རང་བདག་བྱས་རྗེས་འཇོག་པའི་དམིགས་འབེན་སྤྲོད་དགོས། དེ་ལས་གཞན་སྐབས་འདིའི་ཚོགས་ཆེན་ནས་འཐབ་ཇུས་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཚོགས་ཞུགས་འཐུས་མི་དག་གིས་ནམ་ཟླའི་དངུལ་གསོག་དམིགས་འབེན་མངོན་འགྱུར་བྱེད་པར་ཡར་སྐུལ་བྱས་ཤིང་། བྱེད་ཐབས་གསར་བ་སྤྱད་ནས་རྒྱལ་ཁབ་སོ་སོའི་ནམ་ཟླའི་འགྱུར་ལྡོག་ལ་བསྟུད་ཅི་ཐུབ་བྱེད་པར་རྒྱབ་སྐྱོར་བྱས་ནས། དྲང་བདེན་ཚུལ་བསྒྱུར་མྱུར་དུ་མངོན་འགྱུར་བྱེད་རྒྱུ་རེད།

སྤྱི་ཆིངས་ཀྱི་དྲུང་ཡིག་ཁྲུའུ་ཡི་ལག་བསྟར་དྲུང་ཡིག་སི་ཏིས་ཨར་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ནམ་ཟླའི་ཉམས་ཉེན་ཐག་གཅོད་བྱེད་པར་དུས་ཡུན་རིང་བོ་མཁོ་བ་དང་། དྲོད་རླངས་ཕྱིར་འདོན་ཇེ་ཉུང་དུ་གཏོང་བ་དང་བབ་བསྟུན་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཕྱོགས་གཉིས་ནས། གོ་ལ་ཧྲིལ་བོ་ངེས་པར་དུ་འབད་འཐབ་མདུན་སྐྱོད་བྱེད་དགོས་ཟེར། ཁོས་ད་རུང་ནན་གྱིས་བསྟན་དོན། ཕྱོགས་སོ་སོས་ངེས་པར་དུ་དཀྱེལ་ཡངས་དང་དྲང་བདེན་ཚུལ་བསྒྱུར་གྱི་བྱེ་བྲག་གི་ལས་རིམ་དངོས་འབེབས་བྱེད་པའི་ཐད་ནས་ཐུན་མོང་ལྟ་ཚུལ་བཀོད་དེ། རེ་འདུན་དེ་བྱ་སྤྱོད་དུ་བསྒྱུར་དགོས་ཟེར།

པཱ་ཞིའི་སྲིད་འཛིན་ལུའུ་ལཱ་ཡིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཁབ་སོ་སོས་ནམ་ཟླའི་དམ་བཅའ་ལག་བསྟར་བྱེད་པ་དང་ནམ་ཟླའི་འགུལ་སྐྱོད་མྱུར་དུ་སྤེལ་ནས། མི་གཞི་རྩར་བྱེད་པའི་ནམ་ཟླའི་གྲོས་རིམ་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བཏང་།

གཙོ་སྒྲུབ་ཕྱོགས་ཀྱིས་དེའི་སྔོན་བསྟན་དོན། སྐབས་འདིའི་ཚོགས་ཆེན་ནས་གཙོ་བོ་དོ་སྣང་བྱེད་པའི་གནད་དོན་ནི་ཕྱོགས་མང་རིང་ལུགས་དང་སྤྱི་ཆིངས་སྒྲོམ་གཞིའི་འོག་གི་ནམ་ཟླའི་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་། ནམ་ཟླའི་རྐྱེན་སྲོལ་དང་མི་རྣམས་ཀྱི་དོན་དངོས་འཚོ་བ་དང་དཔལ་འབྱོར་ཚོགས་པ་གཅིག་ཏུ་སྦྲེལ་བ། ཕཱ་རེ་སིའི་གྲོས་ཆོད་མྱུར་དུ་དངོས་འབེབས་བྱེད་པ་བཅས་ཡིན་ཟེར།

གཙོ་སྒྲུབ་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་ཚོགས་ཆེན་དེ་ཚེས21ཉིན་བར་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་དང་ས་ཁུལ190ལྷག་ནས་ཡོང་བའི་སྲིད་གཞུང་གི་འཐུས་མི་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི། ཚན་རིག་པ། ཁེ་ལས་པ། སྲིད་གཞུང་མ་ཡིན་པའི་རྩ་འཛུགས་དང་དམངས་ཁྲོད་ཚོགས་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཞུགས་ཡོད་ཟེར།


བསོད་ནམས་ཚེ་རིང་གིས་བསྒྱུར།