
ཀྲུང་གོས་ཁུ་པཱ་ལ་རོགས་སྐྱོར་བྱེད་པའི་ཁྱིམ་བཀོལ་ཉི་འོད་ནུས་པའི་སྒྲིག་ཆས་ལས་གཞི་ཡིས་དངོས་རྫས་བརྒྱུད་སྤྲོད་མཛད་སྒོ་དེ་ཚེས10ཉིན་གྱི་སྔ་དྲོར་ཁུ་པཱའི་རྒྱལ་ས་ཧཱ་ཝ་ནཱ་ནུབ་ངོས་ཀྱི་སྤྱི་ལེ50མཚམས་སུ་ཡོད་པའི་མཱ་ལེ་ཨར་གྲུ་ཁ་ནས་སྤེལ། ཁུ་པཱའི་ནུས་ཁུངས་དང་གཏེར་ལས་པུའུ་ཡི་པུའུ་ཀྲང་གཞོན་པ་དང་པོ་ཨ་པཱ་ཏི་དང་། ཕྱི་ཚོང་ཕྱི་དངུལ་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཝ་སི་སོགས་ཁུ་པཱ་ཕྱོགས་ཀྱི་དཔོན་རིགས་དང་ཁུ་པཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཧྭ་ཞིན་སོགས་མཛད་སྒོར་ཞུགས།
ཨ་པཱ་ཏི་ཡིས་ཞུ་ཚིག་འབུལ་སྐབས་ཀྲུང་གོ་ཕྱོགས་ཀྱི་ལས་གཞིའི་ལག་བསྟར་ཁེ་ལས་ཀྱིས་ནུས་ལྡན་གྱི་ལག་བསྟར་བྱེད་ནུས་ལ་གཟེངས་བསྟོད་བྱས་པ་དང་། ལས་གཞི་དེས་ཁུ་པཱའི་ནུས་ཁུངས་གྲུབ་ཚུལ་ཚུལ་བསྒྱུར་ཐད་སྒུལ་ཤུགས་གསར་བ་ཁ་སྣོན་བྱས་ལ། ཕྱོགས་གཉིས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ཐད་ཀྱི་ཐུན་མོང་དམ་བཅའ་མངོན་ཡོད་ཟེར། ཁོས་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་ལ་བརྟེན་ནས་ཐག་གཅོད་ཇུས་གཞིར་སྐུལ་འདེད་བཏང་སྟེ། ཁུ་པཱ་ཡིས་འདྲ་མཉམ་དང་ནུས་ཁུངས་ཀྱི་བབ་བསྟུན་རང་བཞིན་མངོན་འགྱུར་བྱེད་པར་རོགས་འདེགས་བྱས་པར་བཀའ་དྲིན་ཞུས།
ཧྭ་ཞིན་གྱིས་བསྟན་དོན། ཁུ་པཱའི་ཤར་ཕྱོགས་ས་ཁུལ་དུ་ཟླ་སྔོན་མར་དྲག་རླུང་གི་འཇབ་རྒོལ་ཐེབས་ཏེ་གྱོང་གུད་ཚབས་ཆེན་ཐེབས་པ་དང་། གློག་ཤུགས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བརླག་ཐེབས་པ་ཆེས་ཚབས་ཆེན་རེད། ལས་གཞིའི་རོགས་སྐྱོར་སྒྲིག་ཆས་ཀྱིས་གནོད་ཐེབས་རྗེས་སུ་དག་གཙང་གི་གློག་ཤུགས་འདོན་སྤྲོད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་ཐུབ་ལ། དེ་ནི་ཁུ་པཱའི་ཤར་ཕྱོགས་ཀྱི་བསྐྱར་འཛུགས་ཐད་ཀྱི་དངོས་གཉེར་རྒྱབ་སྐྱོར་ཡིན་པར་མ་ཟད། ཀྲུང་གོ་དང་ཁུ་པཱ་རྒྱལ་ཁབ་གཉིས་ཀྱིས་དཀའ་སྡུག་མཉམ་མྱོང་བྱེད་པའི་སྤུན་ཟླའི་མཛའ་བརྩེ་ཡང་མངོན་པར་མཚོན་ཡོད་ཟེར།
རྒྱུས་ལོན་པ་ལྟར་ན། ལས་གཞི་དེས་བསྡོམས་པས་ཁུ་པཱ་ཕྱོགས་ལ་སྟོང་ཝ་གཉིས་ཀྱི་ཉི་འོད་ནུས་པའི་གློག་འདོན་སྒྲིག་ཆས་ཆ་ཚང་སྟོང་ལྔ་འདོན་སྤྲོད་བྱས་ཏེ། ཆེད་དུ་ཁུ་པཱའི་རྒྱལ་ཁབ་གློག་དྲར་སྦྲེལ་མེད་པའི་སྡོད་ཁང་ལ་བདེ་འཇགས་བློ་གཏད་རུང་བའི་གཞི་རྩའི་བཀོལ་གློག་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་རྒྱུ་ཡིན་པ་དང་། མིག་སྔར་ལས་གཞི་དེའི་རོགས་སྐྱོར་སྒྲིག་ཆས་བསྟུད་མར་ཁུ་པཱ་རུ་སྐྱེལ་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།