ཨ་མེ་རི་ཁའི་དམག་དཔུང་གིས་བསྟུད་མར་དུག་རྫས་ལྐོག་འཚོང་གྲུ་གཟིངས་གཉིས་ལ་འཇབ་རྒོལ་བྱས་ཏེ་མི6རྐྱེན་ལམ་དུ་ཤོར།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 9

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧི་ཀི་སེ་སི་ཡིས་ཚེས10ཉིན་ཁྱབ་བསྒྲགས་བྱས་དོན། ཨ་མེ་རི་ཁའི་དམག་དཔུང་གིས་ཚེས9ཉིན་ཞི་བདེ་རྒྱ་མཚོ་ཆེན་མོ་ཤར་མའི་རྒྱལ་སྤྱིའི་མཚོ་ཁོངས་ནས་དུག་རྫས་ལྐོག་འཚོང་གི་དོགས་ཡོད་གྲུ་གཟིངས་གཉིས་ལ་འཇབ་རྒོལ་བྱས་ཏེ་མི6རྐྱེན་ལམ་དུ་ཤོར་ཟེར།

ཧི་ཀི་སེ་སི་ཡིས་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། འགུལ་སྐྱོད་དེ་ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡི་མཛུབ་སྟོན་འོག་སྤེལ་བ་ཡིན་ལ། འཇབ་རྒོལ་ཐེབས་པའི་གྲུ་གཟིངས་དེ་གཉིས་ཨ་མེ་རི་ཁས་ཁས་ལེན་བྱེད་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པ་དང་། གྲུ་གཟིངས་རེ་རེའི་སྟེང་མི3རེ་ཡོད་ཟེར།

ཟླ9བའི་ཚེས2ཉིན་ནས་ད་ལྟའི་བར། ཨ་མེ་རི་ཁའི་དམག་དཔུང་གིས་ཅཱ་ལེ་པུས་མཚོ་ཁོངས་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཤར་མ་ནས་དུག་རྫས་ལྐོག་འཚོང་གྲུ་གཟིངས་ལ་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི75རྐྱེན་ལམ་དུ་ཤོར། ཐི་ལིང་ཕུའུ་སྲིད་གཞུང་གིས་ད་ལྟའི་བར་འཇབ་རྒོལ་མི་སྣ་དང་གྲུ་གཟིངས་དེས་དུག་རྫས་ལྐོག་འཚོང་བྱེད་པའི་བདེན་དཔང་འདོན་སྤྲོད་བྱས་མེད། འགུལ་སྐྱོད་དེ་དག་ལ་ཨ་མེ་རི་ཁའི་རྒྱལ་ནང་དུ་རྩོད་གླེང་བྱུང་ནས་སྐྱོན་བརྗོད་བྱེད་བཞིན་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་གི་ཆེད་མཁས་པ་རེ་འགས་ཁྲིམས་འགལ་དམར་གསོད་ཡིན་པར་བསམ་ཡོད།

ཨ་མེ་རི་ཁའི་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། ཐི་ལིང་ཕུའུ་སྲིད་གཞུང་གིས་དམག་དཔུང་མངག་གཏོང་བྱས་པ་ནི་དུག་རྫས་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་ཆེད་ཡིན་པར་བཤད་ཀྱང་། དུས་ཡུན་རིང་བོར་ཨ་མེ་རི་ཁའི་བར་འབྲེལ་བ་མི་བཟང་བའི་ཝེ་ནེ་ཙུའེ་ལཱའི་མཱ་ཏུའུ་ལོ་སྲིད་གཞུང་ལ་དམིགས་པ་ཡིན་ཀྱང་སྲིད་། ཝེ་ནེ་ཙུའེ་ལཱའི་སྲིད་གཞུང་གིས་ཐེངས་མང་བོར་ཨ་མེ་རི་ཁས་དམག་དོན་འཇིགས་སྐུལ་ལ་བརྟེན་ནས་ཝེ་ནེ་ཙུའེ་ལཱའི་སྲིད་དབང་རྩ་རྫོགས་བྱེད་པ་དང་ལཱ་ཏེན་མེ་གླིང་གི་དམག་དོན་རྒྱ་བསྐྱེད་རྩིས་བྱས་པར་སྐྱོན་འཛུགས་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།