
རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བའི་ཧོང་པའོ་ས་འོག་ལྕགས་ལམ་ས་ཚིགས་ཀྱི་ཉེ་འདབས་སུ་ཚེས10ཉིན་གྱི་དགོང་མོར་རླངས་འཁོར་འགས་གཏོར་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི10རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཟེར། འགས་གཏོར་བྱུང་རྗེས་དྷི་ལེ་གསར་བ་དང་མིན་མེད་སོགས་གྲོང་ཁྱེར་གྱིས་དོགས་ཟོན་རིམ་པ་ཇེ་མཐོར་བཏང་ཡོད་ཟེར།
ཧོང་པའོ་ནི་རྒྱ་གར་གྱི་མིང་དུ་གྲགས་པའི་ཡུལ་སྐོར་བྱེད་ས་ཞིག་ཡིན་པ་དང་། ཉེ་འཁོར་དུ་མི་མང་བོ་འདུས་ཡོད། ཡུལ་དངོས་བརྙན་རིས་ལས་མངོན་པ་ལྟར་ན། འགས་གཏོར་བྱུང་རྗེས་རླངས་འཁོར་མང་བོ་མེར་འབར་བ་དང་། ཉེ་འདབས་ཀྱི་ཐོག་ཁང་དང་རླངས་འཁོར་གྱི་ཤེལ་སྒོ་ཆག་པ་རེད། དྷི་ལེ་གསར་བའི་ཉེན་རྟོག་ཕྱོགས་ཀྱིས་དེའི་རྗེས་སུ་དོན་རྐྱེན་བྱུང་ས་བཀག་སྡོམ་བྱས་པ་དང་། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་ལ། ཉུང་མཐར་ཡང་མེ་གསོད་རླངས་འཁོར7ཡུལ་དངོས་ཀྱི་རྒུད་སྐྱོབ་ལ་ཞུགས་ཡོད། དྷི་ལེ་གསར་བའི་ཉེན་རྟོག་ཕྱོགས་ཀྱིས་བསྟན་དོན། འགས་གཏོར་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་པ་དང་། འགས་གཏོར་དོན་རྐྱེན་དེའི་ངོ་བོ་སྔར་བཞིན་གསལ་བོ་མིན་ཟེར།
རྒྱ་གར་སྨྱན་བྱད་ཀྱིས་བསྒྲགས་པ་ལྟར་ན། དྷི་ལེ་གསར་བ་དང་མིན་མེད་སོགས་གྲོང་ཁྱེར་གྱིས་དོགས་ཟོན་མཐོར་འདེགས་བྱས་ཡོད་ལ། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ས་ཁོངས་གཙོ་བོའི་བདེ་སྲུང་སྟོབས་ཤུགས་ལ་ཤུགས་སྣོན་བྱས་པ་ཁྱབ་བསྒྲགས་བྱས་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།