
ཚེས11ཉིན། དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་ལིང་དབྱི་སི་ལན་གསར་བརྗེའི་སྲུང་དམག་རུ་ཁག་གི་གསང་འཕྲིན་སྒྲིག་གཞིས་དབྱི་ལིང་མངའ་ཁོངས་སུ་ཨ་རི་དང་དབྱི་སི་རལ་གྱི་གསང་འཕྲིན་སྒྲིག་གཞིས་བཀོད་འདོམས་བྱས་པའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཀྱི་དྲ་རྒྱ་ཞིག་གཏོར་བཅོམ་བྱས།
གསར་བརྗེའི་སྲུང་དམག་རུ་ཁག་གིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་གསལ་བསྒྲགས་ལྟར་ན། གཏོར་བཅོམ་བྱས་པའི་རྩ་འཛུགས་ཀྱི་དྲ་རྒྱ་དེར་ཕྱི་རྒྱལ་གྱི་གསང་འཕྲིན་སྒྲིག་གཞིས་མཛུབ་སྟོན་བྱེད་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་དབྱི་ལིང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གཏོར་བརླག་གཏོང་རྒྱུ་དེ་རེད། གསལ་བསྒྲགས་ལས་ད་དུང་དབྱི་སི་རལ་ནི་དབུས་ཤར་ས་ཁུལ་གྱི་ཨ་རིའི“ལས་ཚབ་པ”ཡིན་པའི་ངོས་ནས་དབྱི་ལིང་དུ་སྤྱི་ཚོགས་ལ་གཡོ་འགུལ་བཏང་ནས་སྤྱི་པའི་བདེ་འཇགས་ལ་འཇིགས་སྐུལ་གཏོང་རྩིས་བྱེད་ཀྱི་ཡོད་ཅེས་སྐྱོན་འཛུགས་བྱས།
ཟླ6པའི་ཚེས13ཉིན་གྱི་ཐོ་རེངས་དུས་སུ། དབྱི་སི་རལ་གྱིས་དབྱི་ལིང་མངའ་ཁོངས་ཀྱི་ཉིང་རྡུལ་སྒྲིག་ཆས་དང་དམག་དོན་དམིགས་འབེན་ལ་རྡུང་རྡེག་བཏང་བ་དང་། དབྱི་ལིང་གིས་དགོང་མོ་དེར་ཕྱིར་རྒོལ་ལན་སྤྲད། གདོང་ཐུག་བྱུང་རྗེས་ཕྱོགས་གཉིས་ཀྱིས་ཐེངས་མང་པོར་ཚུན་ལ་འཇབ་རྒོལ་བྱས། ཟླ6པའི་ཚེས21ཉིན་ཨ་རིས་དབྱི་ལིང་གི་ཧྥུའུ་ཨར་ཏའོ་དང་ན་ཐན་ཙི། དབྱི་སི་ཧྥ་ཧན་བཅས་ཉིང་རྡུལ་སྒྲིག་ཆས་གསུམ་ལ་བདེ་བླག་ངང་རྡུང་རྡེག་བཏང་བ་ཁྱབ་བསྒྲགས་བྱས། ཟླ6པའི་ཚེས24ཉིན་དབྱི་སི་རལ་དང་དབྱི་ལིང་གིས་གཅིག་རྗེས་གཉིས་མཐུད་དུ་ཨ་རི་ཕྱོགས་ཀྱིས་བཏོན་པའི་དམག་འཁྲུག་མཚམས་འཇོག་པའི་ཇུས་གཞི་དང་ལེན་བྱེད་རྒྱུའི་རྣམ་འགྱུར་བསྟན།
དབྱི་ལིང་དང་དབྱི་སི་རལ་གྱི་དམག་འཁྲུག་མཚམས་བཞག་རྗེས། དབྱི་ལིང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དབྱི་སི་རལ་གྱི་གསང་མྱུལ་བ་འཚོལ་ཞིབ་དང་འཛིན་བཟུང་བྱས་པ་དང་། དབྱི་ལིང་གི་ཁྲིམས་འཛིན་སྒྲིག་གཞིས་དམིགས་བསལ་ཁྲིམས་ཁང་བཙུགས་ནས་འབྲེལ་ཡོད་བཀག་ཉར་བ་ཞུ་གཏུག་བྱ་རྒྱུའི་བཀའ་རྒྱ་བཏང་།
གཡང་འབུམ་རྒྱལ་གྱིས་བསྒྱུར།