ཐེ་ལན་དང་ཁམ་ཕུ་ཁྲེའི་ཞི་བདེའི་མཉམ་འབྲེལ་གསལ་བསྒྲགས་ལག་བསྟར་བྱེད་པར་བཀག་འགོག་ཐེབས་ཤིང་ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ས་འོག་ཏུ་འབར་མདེལ་བཞག་པར་མཐའ་གཅིག་ཏུ་ཁས་ལེན་མ་བྱས།
ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 10

མཐའ་མཚམས་ས་ཁུལ་དུ་འབར་མདེལ་འགས་གཏོར་བྱུང་བའི་དོན་རྐྱེན་ལས་ཐེ་ལན་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཡང་བསྐྱར་ཛ་དྲག་ཏུ་གྱུར།    ཚེས10ཉིན་ཐེ་ལན་ཕྱོགས་ཀྱིས་ཐེ་ལན་དང་ཁམ་ཕུ་ཁྲེའི་ཞི་བདེའི་མཉམ་འབྲེལ་གསལ་བསྒྲགས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་པ་དང་།   མཐའ་མཚམས་ས་ཁུལ་དུ་གསར་དུ་འབར་མདེལ་བཞག་པའི་སྐོར་ནས་ཐེ་ལན་ཕྱོགས་ཀྱིས་སྐྱོན་འདོན་ཞུ་གཏུག་བྱས་པར་ཁམ་ཕུ་ཁྲེ་ཡིས་གཏན་ནས་ཁས་ལེན་མ་བྱས།

ཚེས10ཉིན་གྱི་སྔ་དྲོ། ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ཀྱི་སི་སེ་ཅུའུ་ཕུའུ་རུ་འབར་མདེལ་འབར་གས་བྱུང་ནས་ཐེ་ལན་གྱི་དམག་མི་གཉིས་ལ་རྨས་ཕོག ཉིན་དེར་ཐེ་ལན་གྱི་ཙུང་ལི་ཨ་ནུའུ་ཐིན་གྱིས་སྨྱན་བྱད་ལས་རིགས་ལ་དོན་དེའི་ཐད་ནས་ཁོས་འབྲེལ་ཡོད་སྡེ་ཁག་ལ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གནས་སྐབས་ལྟ་ཞིབ་ཚོགས་པས་ཁམ་ཕུ་ཁྲེར་རྒོལ་གཏམ་གཏོང་བར་བསམ་བློ་གཏོང་དགོས་པར་མཛུབ་སྟོན་བྱས་པ་དང་། དེ་དང་མཉམ་དུ་ཐེ་ལན་དང་ཁམ་ཕུ་ཁྲེའི་ཞི་བདེའི་མཉམ་འབྲེལ་གསལ་བསྒྲགས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་གཏན་འབེབས་བྱས་པ་ཡིན་ཟེར།

ཐེ་ལན་གྱི་ཙུང་ལི་བཞུགས་ཤག་གི་མགྲིན་ཚབ་པ་ཞིས་ལི་ཧྥུན་གྱིས་བཤད་རྒྱུར།   ཚེས12ཉིན་ཁམ་ཕུ་ཁྲེ་ཡི་བཟུང་དམག་གློད་གྲོལ་གཏོང་བའི་འཆར་གཞི་ཡང་གནས་སྐབས་སུ་མཚམས་འཇོག་རྒྱུ་ཡིན་ཞེས་བཤད།

ཚེས10ཉིན་གྱི་ནམ་གུང་ཁམ་ཕུ་ཁྲེའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་སྤེལ་ནས། ཁམ་ཕུ་ཁྲེ་ཡིས་ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་ས་ཁུལ་དུ་གསར་དུ་འབར་མདེལ་བཞག་ཟེར་བའི་ཐེ་ལན་གྱི་སྐྱོན་འདོན་ཞུ་གཏུག་བྱས་པར་གཏན་ནས་ཁས་ལེན་མི་བྱེད་ཞེས་བཤད།

གསལ་བསྒྲགས་ལས་བཤད་རྒྱུར། ཁམ་ཕུ་ཁྲེ་དང་ཐེ་ལན་གྱི་མཐའ་མཚམས་ས་ཁུལ་གྱི་འབར་མདེལ་ཁུལ་མང་ཆེ་བ་ནི་དུས་རབས20པའི་ལོ་རབས70བར་ཁམ་ཕུ་ཁྲེར་ནང་འཁྲུག་བྱུང་བའི་སྐབས་སུ་ཤུལ་ལུས་བྱུང་བ་ཡིན་ཞིང་། ས་དབྱིབས་ཀྱག་ཀྱོག་ཡིན་ལ་མཐའ་མཚམས་ས་ཁུལ་དབྱེ་འབྱེད་བྱས་མེད་པའི་དབང་གིས་ད་བར་དུ་སྔར་བཞིན་གཙང་སེལ་བྱེད་ཐུབ་མེད།  ཐེ་ལན་གྱིས་ཞི་བདེའི་མཉམ་འབྲེལ་གསལ་བསྒྲགས་ལག་བསྟར་བྱེད་མཚམས་འཇོག་རྒྱུ་ཐག་བཅད་པར་ཁམ་ཕུ་ཁྲེ་སྲིད་གཞུང་གིས་དོ་སྣང་ཆེན་པོ་བྱས་ནས། ཁམ་ཕུ་ཁྲེ་ཕྱོགས་ཀྱིས་ཞི་བདེའི་མཉམ་འབྲེལ་གསལ་བསྒྲགས་ལག་བསྟར་བྱེད་པར་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།

ཨ་རིའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བའི་སྟེང་སྤེལ་བའི་གནས་ཚུལ་ལྟར་ན།  འབར་མདེལ་འབར་གས་བྱུང་བའི་དོན་རྐྱེན་བྱུང་རྗེས་རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་མི་སྣས་བརྗེ་རེས་བྱས་རྗེས། ཁམ་ཕུ་ཁྲེའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཞིག་གིས“མིག་སྔའི་གནས་བབ་བརྟན་པོ་ཡིན”ཞེས་བཤད།

ད་ལོའི་ཟླ5པ་ནས་བཟུང་། ཐེ་ལན་དང་ཁམ་ཕུ་ཁྲེ་ཡི་བར་ལ་མངའ་ཁོངས་རྩོད་གླེང་བྱུང་བའི་དབང་གིས་མཐའ་མཚམས་ས་ཁུལ་དུ་ཐེངས་མང་པོར་གདོང་ཐུག་བྱུང་། ཛ་དྲག་གི་གནས་བབ་རྒྱུན་མཐུད་བྱས་པའི་དབང་གིས་རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ཀྱི་འགག་སྒོ་མང་ཆེ་བ་སྒོ་བརྒྱབ་སྟེ་མི་ཆོས་རིང་ལུགས་ཀྱི་འགྲོ་སྐྱོད་ཁོ་ན་རྒྱུན་འཁྱོངས་བྱས་ཡོད། ཉེ་བའི་དུས་སྐབས་ཤིག་གི་རིང་དུ་ཐེ་ལན་དང་ཁམ་ཕུ་ཁྲེའི་མཐའ་མཚམས་ས་ཁུལ་དུ་འབར་མདེལ་འབར་གས་བྱུང་བའི་དོན་རྐྱེན་ཐེངས་མང་བྱུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཛ་དྲག་ཏུ་གྱུར་ཡོད།

ཟླ10པའི་ཚེས26ཉིན་ཐེ་ལན་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་སྐབས་47པའི་རྩེ་ཚོགས་སྐབས་སུ་ཞི་བདེའི་མཉམ་འབྲེལ་གསལ་བསྒྲགས་ལ་མིང་རྟགས་བཀོད་པ་དང་།  སྐབས་དེར་ཕྱོགས་གཉིས་ཀྱིས་མཐའ་མཚམས་ས་ཁུལ་ནས་མཚོན་ཆ་ལྕི་རིགས་མེད་པར་བཟོ་བ་དང་ས་འོག་གི་འབར་མདེལ་སེལ་བ།    གདོང་ཐུག་མཚམས་འཇོག་པ་བཅས་ཀྱི་ཐད་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བཤད།

གཡང་འབུམ་རྒྱལ་གྱིས་བསྒྱུར།