
ཚེས12ཉིན་གྱི་སྔ་དྲོར། ཧྥེ་ལི་ཕིན་གྱི་དམངས་སྲུང་གཞུང་སྒྲུབ་ཁང་གིས་མཚོ་རླུང་གི་དབང་གིས་རྒྱལ་ཡོངས་སུ་ཉུང་མཐར་ཡང་མི27རྐྱེན་ལམ་དུ་ཤོར་བ་དང་། མི2གར་སོང་ཆ་མེད་དུ་གྱུར་པ། གཞན་ཡང་མི36ལ་རྨས་ཕོག་པའི་བརྡ་ཁྱབ་བཏང་།
གཞན་ཡང་ཚེས12ཉིན་ཧྥེ་ལི་ཕིན་རྒྱལ་ཁབ་གནོད་འཚེ་ཉུང་གཏོང་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་སྤེལ་བ་ལྟར་ན། ཚེས9ཉིན་གྱི་དགོང་མོར་མཚོ་རླུང་དེ་རིམ་བཞིན་ཧྥེ་ལི་ཕིན་བྱང་རྒྱུད་ཀྱི་ལིའུ་སུང་གླིང་ཕྲན་ཨའོ་ལུའོ་ལ་ཞིང་ཆེན་ཏི་ན་ལུན་ཀན་གྲོང་རྡལ་གྱི་སྐམ་སར་ཐོན་པ་དང་། ལིའུ་སུང་གླིང་ཕྲན་གྱི་རྙོག་འཛིང་ཆེ་བའི་ས་དབྱིབས་ཀྱི་ཤུགས་རྐྱེན་ཐེབས་པས། མཚོ་རླུང་དེ་སྐམ་སར་ཐོན་རྗེས་དྲག་ཚད་རིམ་བཞིན་ཇེ་ཞན་དུ་སོང་བར་མ་ཟད། ཚེས11ཉིན་གྱི་ཐོ་རེངས་སྐབས་སུ་རྒྱལ་མཚམས་ནས་ཁ་བྲལ། མིག་སྔར་མཚོ་རླུང་གི་ཚད་དེ་རིམ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད།
ཧྥེ་ལི་ཕིན་གྱི་གནོད་འཚེ་ཉུང་གཏོང་ཨུ་ཡོན་ལྷན་ཁང་གིས་མཚོ་རླུང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཧྥེ་ལི་ཕིན་རྒྱལ་ཡོངས་ཀྱི་མི་ས་ཡ་གསུམ་དང་འབུམ་ལྔ་ཁྲི་དགུ་ལྷག་ཙམ་ལ་གནོད་འཚེ་ཐེབས་ཡོད་པ་དང་། ཚེས12ཉིན་གྱི་དུས་ཚོད6བར་དུ་རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་ཆུ་ལོག་སྔར་བཞིན་ཞི་འཇགས་སུ་སོང་མེད་པ་ཅིང་། བགྲོད་ལམ277དང་ཟམ་པ61གི་སྟེང་དུ་འགྲོ་འོང་བྱེད་མི་ཐུབ་པར་གྱུར་ལ། གྲོང་ཁྱེར་དང་གྲོང་རྡལ410ཡི་གློག་ཆད་ཡོད་ལ་གྲོང་ཁྱེར་དང་གྲོང་རྡལ18ལ་ཆུ་འདོན་སྤྲོད་བྱེད་བྱེད་མཚམས་བཞག་ཡོད་ཟེར།
གཡང་འབུམ་རྒྱལ་གྱིས་བསྒྱུར།